6པའི་ཚེས9ཉིན་གྱི་རྒྱལ་སྤྱིའི་ཡིག་ཚགས་ཉིན་མོ་ཐེངས18པ་ཐོན་ལ་ཉེ་བའི་སྐབས་འདིར། ཟླ6པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཡིག་ཚགས་ཁང་གིས“ཡིག་ཚགས་ལ་ཉན་རོགས”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ཏེ། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་ཏ་པའོ་ཙེ་སྡེ་ཁུལ་དང་། ཟི་ལིང་གྲོང་ཁྱེར་སློབ་འབྲིང་དགུ་པ་སོགས་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ་ཡིག་ཚགས་ཉིན་མོའི་བྱ་འགུལ་སྤེལ། ཉིན་དེར། བྱ་འགུལ་ལ་ཞུགས་མཁན་གྱིས་མཛོད་ཁང་དུ་ཉར་ཚགས་བྱས་པའི་ལོ་རྒྱུས་ཡིག་ཚགས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པར་མ་ཟད། ད་དུང་ཡིག་ཚགས་སླར་གསོ་བྱེད་པའི་བཟོ་རྩལ་དངོས་སུ་ཉམས་ལེན་བྱས། མཛུབ་མོས་ཡིག་ཚགས་ལ་ཐུག་པའི་སྐད་ཅིག་ཙམ་ལ། ཚང་མས་སླར་གསོའི་ལག་རྩལ་གྱི་མཛེས་སྡུག་ཚོར་ཐུབ་པ་དང་། ཡིག་ཚགས་ཀྱིས་ལོ་རྒྱུས་ཐེག་པ་དང་ཤེས་རིག་རྒྱུན་འཛིན་བྱེད་པའི་རིན་ཐང་རྟོགས་ཐུབ་པས། འདུ་ཤེས་སྲུང་སྐྱོབ་གཏིང་ཟབ་བྱས་ནས་རིག་གནས་ཡིད་ཆེས་ཇེ་དྲག་ཏུ་བཏང་ཡོད།
ཤ་བོ་རིན་མཚོས་བསྒྱུར།