རྨ་ལྷོ་ཁུལ་གྱིས་ཞིང་ཆེན་བཞིའི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཟི་ལིང་དུ་བསྡུས།
2025.06.08 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས6ཉིན། ཟི་ལིང་ལྷོ་རྒྱུད་ཀྱི་རྨ་ལྷོས་ཁྱེད་ལ་དགའ་བསུ་བྱེད་ཅེས་པ་བརྗོད་དོན་གཙོ་བོ་ཡིན་པའི་རྨ་ལྷོ་ཁུལ་གྱི་ཞིང་ཆེན་བཞིའི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་འོས་སྦྱོར་ཚོགས་འདུ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧྥུའུ་ལིས་བན་ཏ་ཝུན་ཧྭ་གསོལ་མགྲོན་ཁང་དུ་གཟབ་རྒྱས་ངང་བསྡུས།

བྱ་འགུལ་གྱི་ཡུལ་དངོས་སུ། རྨ་ལྷོ་ཁུལ་གྱི་དབུ་བཞུགས་རིག་གནས་ཡུལ་སྐོར་ཁྱབ་གདལ་པ་ཀྲའོ་ཁྲུའུ་ཧན་གྱིས་གསོན་ཉམས་ལྡན་པའི་འགྲེལ་བཤད་ཞིབ་མོ་བྱས་པ་དང་། རྨ་ལྷོའི་ས་ཁམས་དང་མི་གཞུང་གནས་ཚུལ། ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་ཁུངས། སྤུས་ལེགས་ཡུལ་སྐོར་ལམ་ཐིག་སོགས་ཀྱི་ཐད་ནས་ངོ་སྤྲོད་གཏིང་ཟབ་བྱས།  རྨ་ལྷོ་ཁུལ་གྱིས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བའི་དགོས་མཁོ་སྣ་མང་ལ་གཞིགས་ནས་བརྗོད་གཞི་ཆེན་པོ་བཞི་ཡི་རིག་གནས་བྱ་འགུལ30བཏོན་ཡོད་དེ།    མཚོ་སྔོན་རེབ་གོང་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་སྒྱུ་རྩལ་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་། རྨ་ལྷོ་ཁུལ་གྱི་ལུས་རྩལ་འགྲན་བསྡུར་བྱ་འགུལ་གྱིས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་པ།   གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དམངས་སྲོལ་བྱེད་སྒོ་བཅས་ཀྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་རིག་གནས་ཡུལ་སྐོར་བྱ་འགུལ་གྱིས་ཡུལ་སྐོར་བ་ཉུང་བའི་སྟོང་ཆ་ཁ་གསབ་བྱས་ནས། དུས་བཞི་ཚང་མར་འཚམ་པའི་རིག་གནས་དང་ཡུལ་སྐོར་ཉམས་ལེན་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཡོད།

གན་རྒྱ་འཇོག་པའི་རིམ་པར་རྨ་ལྷོ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་མཚོ་སྔོན་ཞིང་ཆེན་ཡུལ་སྐོར་ལས་དོན་མཐུན་ཚོགས་ཀྱིས་འཐབ་ཇུས་མཉམ་ལས་བྱས།    རྨ་ལྷོ་ཁུལ་ཁམས་ར་མཛེས་ལྗོངས་ཁུལ་དང་ཐུན་རིན་གྲོང་ཁྱེར་ཧུང་ཧྥིན་ཏི་གསོལ་མགྲོན་ཁང་གིས་མཚོ་སྔོན་ཞིང་ཆེན་ཁང་ཧུའེ་རྒྱལ་སྤྱིའི་ཡུལ་སྐོར་ཁང་དང་མཚོ་སྔོན་ནུབ་རྒྱུད་རིག་གནས་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་སོ་སོར་གན་རྒྱ་བཞག  ཕྱོགས་སོ་སོས་འགྲུལ་བ་ཕན་ཚུན་སྐྱེལ་སྤྲོད་དང་ཡུལ་སྐོར་ཐོན་རྫས་ཀྱི་གསར་གཏོད་བྱེད་པ། ཞབས་ཞུའི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བ་སོགས་མངའ་ཁོངས་ལ་དམིགས་ནས་མཉམ་ལས་གཏིང་ཟབ་བྱས་ནས། ཐོན་ཁུངས་ལེགས་སྒྲིག་དང་ཁྱད་སྟོབས་གསབ་རེས་བྱས་ཏེ་རྨ་ལྷོའི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྐས་རིམ་གསར་པའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

ཟི་ལིང་ལྷོ་རྒྱུད་ཀྱི་རྨ་ལྷོས་ཁྱེད་ལ་དགའ་བསུ་བྱེད་ཅེས་པའི2025ལོའི་སྒེར་འཁོར་བསྐོར་ནས་ཡུལ་སྐོར་བྱེད་པའི་བྱ་འགུལ་དེ་རྣམ་པ་གསར་པ་ཞིག་ཏུ་གྱུར་ཡོད།     རླངས་འཁོར་གཏོང་བའི་མཛད་སྒོ་ལས་ཡུལ་སྐོར་བས་རྨ་ལྷོའི་ཡུལ་སྐོར་ལ་སྤྲོ་སེམས་དང་རེ་སྒུག་བྱེད་པ་མཚོན་པ་མ་ཟད།   སྒེར་འཁོར་བསྐོར་ནས་ཡུལ་སྐོར་བྱེད་པའི་ཐུན་མོང་མ་ཡིན་པའི་རྣམ་པའི་ཐོག་ནས་འགྲིམ་འགྲུལ་དང་ཞག་སྡོད།    བཟའ་བཏུང་སོགས་འབྲེལ་ཡོད་ཐོན་ལས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་པ་དང་། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་སྦས་ཤུགས་ལ་སྐུལ་སྤེལ་བྱས་པ་མ་ཟད། རྨ་ལྷོའི་རིག་གནས་ཡུལ་སྐོར་ཁྲོམ་རར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

ཐེངས་འདིའི་འོས་སྦྱོར་ཚོགས་འདུའི་སྟེང་རྨ་ལྷོ་ཁུལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཀྱི་ལྷན་ནུས་ཕྱོགས་ཡོངས་ནས་མངོན་པ་དང་། མཚོ་སྔོན་དང་ཀན་སུའུ། ཧྲན་ཞི། སི་ཁྲོན་བཅས་ཞིང་ཆེན་བཞིའི་རིག་གནས་དང་ཡུལ་སྐོར་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་བས། ནུབ་ཡུལ་དཔལ་གྱི་གནས་མཆོག ངོ་མཚར་སྟོང་གི་རྨ་ལྷོའི་ཟོང་རྟགས་ཀྱི་སྐད་གྲགས་དང་ཁྲོམ་རའི་ཤུགས་རྐྱེན་ནུས་ལྡན་ངང་ཆེ་རུ་ཕྱིན་ནས། ས་ཁོངས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུར་ཐབས་ལམ་གསར་པ་བཏོད་ཡོད།

ཤ་བོ་རིན་མཚོས་བསྒྱུར།