ཆ་སྙོམས་མཚོ་འཕང་སྨི4000ཡན་ཡོད་པའི་མདོ་དབུས་མཐོ་སྒང་དུ། མ་རྩ་དམའ་བ་དང་ལག་རྩལ་གསར་པ། ཡུལ་བབ་དང་མཚམས་པའི་ཞིང་སྡེ་འབྲོག་ཁུལ་གྱི་བགྲོད་ལམ་ལྗང་བསྒྱུར་བཟོ་སྐྲུན་གྱིས་རོང་འབྲོག་པའི་འཚོ་བར་འགྱུར་ལྡོག་གཏོང་བཞིན་ཡོད། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་རོང་འབྲོག་ཁུལ་གྱི་བགྲོད་ལམ་སྤྱི་ལེ8000ལྗང་བསྒྱུར་བྱ་རྒྱུ་ཡིན་པ་དང་། ད་ལོ་སྔོན་དཔག་བྱས་ན་སྤྱི་ལེ2000ལྷག་གི་ཞིང་སྡེའི་བགྲོད་ལམ་བསྒྱུར་བཀོད་ཡོངས་འགྲུབ་བྱ་རྒྱུ་རེད།
བགྲོད་ལམ་ཡག་པོ་ཞིག་མེད་ན་རོང་འབྲོག་པ་ཕྱི་རུ་བསྐྱོད་པ་དང་ཞིང་སྡེ་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཚད་བཀག་ཆེན་པོ་བྱེད་སྲིད། སྲོལ་རྒྱུན་གཞུང་ལམ་འཛུགས་སྐྲུན་གྱིས་བྱེ་བརྐོ་དང་རྒྱུ་ཆ་བླངས་ན་གཏོར་བརླག་ཆེ་བ་མ་ཟད་མ་རྩ་མཐོ། མཚོ་སྔོན་ཞིང་ཆེན་གྱི་ཁྱད་པར་བའི་ས་ཁམས་ཁོར་ཡུག་ལ་དམིགས་ནས། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་ཧུར་ཐག་གིས་བྱ་སྤྱོད་སྤེལ་ཏེ།“གཏོར་བརླག་མ་བཏང་ན་ཆེས་བཟང་པོའི་སྲུང་སྐྱོབ་ཡིན་པའི”རྩ་དོན་རྒྱུན་འཁྱོངས་བྱས་ནས། མཐོ་སྒང་གི་དམིགས་བསལ་ས་ཁོངས་ཀྱི་གཞུང་ལམ་སྐྱེ་ཁམས་འཛུགས་སྐྲུན་གྱི་ལག་རྩལ་འཚོལ་ཞིབ་བྱས། ལག་རྩལ་གསར་པས་ད་ཡོད་ཀྱི་རྡེའུ་ཟེགས་ལམ་ངོས་ཀྱི་རྒྱུ་ཆ་བེད་སྤྱོད་གང་ལེགས་བྱས་ཏེ། ལམ་ངོས་སྙོམས་སྒྲིག་ཡག་པོ་བྱས་ནས་བྱེ་མ་སྔོག་འདོན་དང་རྒྱུ་ཆ་ལེན་ཚད་ཆེས་ཉུང་དུ་བཏང་སྟེ། རོང་འབྲོག་ཁུལ་གྱི་ཕྱིར་སྐྱོད་དགོས་མཁོ་སྐོང་བ་དང་ཆབས་ཅིག་མ་རྩ་ཇེ་ཉུང་དུ་གཏོང་བ་དང་ཐཱན་ཇེ་ཉུང་དུ་གཏོང་བ། ནུས་ཁུངས་གྲོན་ཆུང་བཅས་ཀྱི་དམིགས་འབེན་གསར་པ་མངོན་འགྱུར་བྱུང་།
2023ལོར། མཚོ་སྔོན་གྱི་བགྲོད་ལམ36གི་རིང་ཚད་སྤྱི་ལེ1018ཀྱི་ལམ་དེ་ཚོད་ལྟའི་བསྒྱུར་བཀོད་ལས་གཞི་རུ་བདམས་ནས། སྔར་ཡོད་ལམ་ངོས་ཀྱི་རྒྱུ་ཆ་སྤྱད་དེ་ཐེངས་གཅིག་ལ་ས་གནས་དེ་གར་ལམ་ངོས་ཀྱི་རྒྱུ་ཆ་གཞོག་པ་དང་བསྲེས་སྦྱོར་བྱེད་པ། ངོས་འདིང་བ་བཅས་ཀྱི་ལས་རིམ་བརྒྱུད་དེ། མཐོ་སྒང་གི་དམིགས་བསལ་ས་ཁོངས་ཀྱི་གཞུང་ལམ་སྐྱེ་ཁམས་འཛུགས་སྐྲུན་ལག་རྩལ་ཆགས་པ་དང་། 2024ལོར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་ནས་ཡུལ་ཚོའི་ལམ་དང་སྡེ་བའི་ལམ212ཀྱི་སྤྱི་ལེ5000ཙམ་ཡོད་པའི་རྡེའུ་ཟེགས་ལམ་བདམས་ནས་ལག་རྩལ་བེད་སྤྱོད་བྱས་པ་དང་། ཨར་འདམ་སོགས་སྤྱད་དེ་མཉམ་འདུས་ལམ་ངོས་ཆེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་ཀྱིས་ལམ་ངོས་ཀྱི་དྲག་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ་དང་། བརྡར་བཟོད་རང་བཞིན་ཆེ་རུ་གཏོང་བ། བྱེ་རྡུལ་འབུད་པའི་གནད་དོན་ཇེ་ཉུང་དུ་བཏང་ནས། མཐོ་སྒང་གི་དམིགས་བསལ་ས་ཁོངས་ཀྱི་གཞུང་ལམ་སྐྱེ་ཁམས་འཛུགས་སྐྲུན་ལག་རྩལ་འཚོལ་ཞིབ་བྱས།
མཚོ་ནུབ་ནས་ཡུས་ཧྲུའུ་དང་། མགོ་ལོག་ནས་རྨ་ལྷོའི་བར། བགྲོད་ལམ་གསར་རྐྱང་རེ་རེ་བཞིན་མཚོ་སྔོན་གྱི་རྫོང20ལྷག་ཙམ་གྱི་རོང་འབྲོག་པའི་མཛེས་སྡུག་ལྡན་པའི་འཚོ་བར་སྦྲེལ་མཐུད་བྱས་ནས། ཞིང་སྡེ་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་བསྣན་ཡོད། ད་ལོ། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་མཐོ་སྒང་གི་དམིགས་བསལ་ས་ཁོངས་ཀྱི་གཞུང་ལམ་སྐྱེ་ཁམས་འཛུགས་སྐྲུན་གྱི་ལག་རྩལ་སྣ110དང་། གཞུང་ལམ་སྤྱི་ལེ2000ལྷག་ཙམ་གྱི་བགྲོད་ལམ་འཆར་འགོད་ལག་བསྟར་བྱས་པ་དང་། མིག་སྔར། ཇུས་འགོད་བྱ་བ་ཚང་མ་སྒྲུབ་ཟིན་པ་དང་འཆར་གཞི་དེ་བརྒྱུད་བསྒྲགས་བྱས་རྗེས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་རྩོམ་རྒྱུ་རེད།
ཤ་བོ་རིན་མཚོས་བསྒྱུར།