“གསར་པ་གཉིས”ཀྱི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་། ས་གནས་སོ་སོས་ཁ་གསབ་ཁྱབ་ཁོངས་ཇེ་ཆེར་གཏོང་བ་དང་ཞབས་ཞུ་ལེགས་སྒྱུར་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་དངོས་ཕན་དང་སྟབས་བདེའི་དམངས་ཕན་སྲིད་ཇུས་ཞིང་སྡེ་རུ་བསྐྱལ་ཏེ། ཞིང་སྡེའི་ཁྲོམ་རའི་འཛད་སྤྱོད་ལ་གསོན་ཤུགས་རྒྱས་སུ་བཅུག
ཧྲའན་ཞི་ཞིས་ཨན་གྱིས་ད་ལོ་ཞིང་སྡེ་ས་ཁུལ་དུ་གསར་བརྗེའི་ཁ་གསབ་སྤྲོད་པའི་ཁྱབ་ཁོངས་ཇེ་ཆེར་བཏང་ནས། ཁྱིམ་སྤྱོད་གློག་ཆས་ཀྱི་ཁ་གསབ་ཁྱབ་ཁོངས་དེ་རིགས་བརྒྱད་ནས་རིགས་བཅུ་གཉིས་སུ་རྒྱ་བསྐྱེད་རྒྱུ་དང་། རླབས་ཕྲན་ཐབ་ཀ་དང་ཆུ་དྭངས་འཕྲུལ་ཆས་སོགས་ཁྱིམ་སྤྱོད་གློག་ཆས་དེ་ཁ་གསབ་ཁྱབ་ཁོངས་སུ་འཇུག་རྒྱུ་མ་ཟད། ད་དུང་འཚོ་བའི་གློག་ཆས་རིགས་སོ་གཉིས་ཇེ་མང་དུ་གཏོང་རྒྱུ་རེད། སི་ཁྲོན་པེ་ཁྲོན་གྱིས་ཁྱིམ་ཆས་སྡོད་ཁང་མཛེས་བཟོའི་ཁ་གསབ་སྲིད་ཇུས་དེ་རྒན་པར་འཚམ་པའི་སྒྱུར་བཀོད་ཀྱི་ཐད་ལ་ཕྱོགས་ནས། རྒན་རྒོན་ཡོད་པའི་ཁྱིམ་ཚང་ལ་བརྒྱ་ཆའི་སུམ་ཅུའི་ཁ་གསབ་རོགས་དངུལ་མཐོ་ཤོས་སྤྲད།
ཀོང་ཞི་ཤིན་ཡེ་རྫོང་ཧྲི་ནན་གྲོང་རྡལ་གྱི་ཁྱིམ་སྤྱོད་གློག་ཆས་ཁྲོམ་རར་དྲོད་སྙོམས་འཕྲུལ་ཆས་ཉོ་མཁན་གྱི་སྡེ་མི་གང་མང་སླེབས་འདུག ད་སྔའི་བར་དུ་ཀོང་ཞི་ཡིས་རྙིང་ཚབ་གསར་བརྗེ་ཞིང་སྡེར་སྐྱོད་པའི་བྱེད་སྒོ་ཐེངས་བཞི་བརྒྱ་བརྒྱད་ཅུ་ལྷག་སྤེལ་ནས། ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བ་སུམ་སྟོང་ལྷག་ལ་ཁྱབ་ཡོད་ཅིང་། རྒྱལ་ཁབ་ཀྱིས་ཁ་གསབ་དང་ཚོང་པས་ཁེ་བཟང་སྤྲོད་པ། ཞབས་ཞུ་རིམ་སྤ་སོགས་ཀྱི་གཟིགས་སྐྱོང་བྱེད་ཐབས་བརྒྱུད་དེ། ཞིང་སྡེའི་འཛད་སྤྱོད་པ་དང་ཚོང་པ་ས་ཡ་ལྷག་དམངས་ཕན་སྲིད་ཇུས་ཁྲོད་ཞུགས་པར་བཀུག
ཞབས་ཞུ་ཇེ་ལེགས་སུ་བཏང་ནས“གསར་པ་གཉིས”ཀྱི་སྲིད་ཇུས་ཞིང་སྡེ་རུ་གང་མགྱོགས་ངང་ཁྱབ་པར་བྱས། ཧྲན་ཏུང་ཧོ་ཙེའི་ཞིང་སྡེ་རུ་རྙིང་ཚབ་གསར་བརྗེའི་དམངས་ཕན་ཞབས་ཞུའི་ས་ཚིགས་བཙུགས་པར་མ་ཟད། སྒོ་ཁར་ཡོང་ནས་སྒྲིག་སྦྱོར་དང་རྙིང་སྡུད་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས།
ས་གནས་སོ་སོས་ད་དུང་ཞིང་ལས་ཐོན་སྐྱེད་ལ་དམིགས་ནས། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས། ཨན་ཧུའེ་ཡིས་སྐོར་གསར་པའི་ཞིང་ལས་འཕྲུལ་ཆས་བེད་མེད་ཟུར་འཇོག་གསར་སྒྱུར་ཁ་གསབ་བྱེད་འགོ་བརྩམས། བེད་མེད་ཁ་གསབ་ཞིང་ལས་འཕྲུལ་ཆས་ཀྱི་རིགས་བཅོ་ལྔ་ནས་ཉེར་བརྒྱད་བར་ཇེ་མང་དུ་བཏང་སྟེ། ཞིང་ལས་འཕྲུལ་ཆས་ཁག་ཅིག་གི་བེད་མེད་ཁ་གསབ་ཚད་གཞི་བརྒྱ་ཆའི་ལྔ་བཅུར་ཇེ་མཐོར་བཏང་།