མཚོ་སྔོན་གྱིས་སྤུས་ལེགས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་རྒྱ་བསྐྱེད་པ་དང་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་བཏང་།
2025.06.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་སྤུས་ལེགས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་རྒྱ་སྐྱེད་པ་དང་གཞི་རིམ་དུ་ཕྱོགས་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་ལ་རྫོང་ཁོངས་ཀྱིས་གཅིག་འདོམས་བྱེད་པར་ཤུགས་སྣོན་པ། འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ། སྤུས་ལེགས་ནུས་ལྡན་གྱི་གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་མ་ལག་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། སྟོབས་ཤུགས་ཡོད་རྒུས་བདེ་ཐང་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་བ་དང་། རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་གི་ཐོབ་ཚོར་རྒྱུན་མ་ཆད་པར་ཇེ་མཐོར་བཏང་།

རང་ཞིང་གིས་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང407ཡོད་པ་དང་། སྡེ་བའི་འཕྲོད་བསྟེན་ཁང4430ཡོད་ལ། ཡུལ་ཚོ་དང་གྲོང་རྡལ་རེ་རེར་ཚད་ལྡན་གྱི་འཕྲོད་བསྟེན་ཁང་རེ་ཡོད་པ་དང་། སྲིད་འཛིན་སྡེ་བ་རེ་རེར་ཚད་ལྡན་གྱི་སྡེ་བའི་འཕྲོད་བསྟེན་ཁང་གཅིག་རེ་ཡོད་པ་མངོན་འགྱུར་བྱས། ཞིང་ཆེན་ཡོངས་སུ་བསྡོམས་པས་གྲོང་གསེབ་ཀྱི་སྨན་པ6616ཡོད་པ་དང་། སྡེ་བའི་འཕྲོད་བསྟེན་ཁང་ཁང་རེ་རེར་ཚད་ལྡན་གྱི་གྲོང་གསེབ་སྨན་གཅིག་ནས་གཉིས་ཡོད་པ་མངོན་འགྱུར་བྱས། 2024ལོ་ནས2025ལོའི་བར་དུ། བསྡོམས་པས་སྨན་བཅོས་ཞབས་ཞུ་དང་འགན་སྲུང་ནུས་པ་མཐོར་འདེགས་མ་དངུལ་སྒོར་དུང་ཕྱུར3.44དངོས་འབེབས་བྱས་པ་དང་། དེའི་ཁྲོད་ཀྱི་བརྒྱ་ཆའི་སུམ་ཅུ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱད་ལྡན་ཚན་ཁག་འཛུགས་སྐྲུན་དང་སྒྲིག་ཆས་བསྒྱུར་བཀོད་རིམ་སྤོར། མི་སྣ་གསོ་སྦྱོང་སོགས་ཐད་བཀོལ་སྤྱོད་བྱས། ཧན་ཧུང་ཐེབས་རྩ་ཚོགས་པའི་སྨན་བཅོས་རོགས་སྐྱོར་སྤྱི་ཕན་འགུལ་སྐྱོད་ལས་གཞི་ཆེན་པོར་རྒྱབ་རྟེན་ནས། ཞིང་ཆེན་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་སྐོར་སྐྱོད་སྨན་བཅོས་དང་མྱུར་སྐྱོབ་ནུས་པ་མཐོར་འདེགས་བཏང་། རྒྱང་བརྟེན་སྨན་བཅོས་དང་རྒྱང་བརྟེན་སློབ་གསོ་མ་ལག་འཛུགས་སྐྲུན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ཚང་མ་ཉེར་སྤྱོད་སྟེགས་བུར་མཐུད་འཇུག་བྱས་ནས། ཡོངས་ཁེབས་མངོན་འགྱུར་བྱས།

གྲོང་གསེབ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་རྒྱུན་མ་ཆད་པར་མཐོར་འདེགས་བཏང་། སྟོབས་ཤུགས་ཡོད་རྒུས་དམ་ཚགས་ཅན་གྱི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། སྨན་བཅོས་གཅིག་མཐུན་ཚོགས་པ46གིས་མི་སྣ་དང་ལག་རྩལ། ཞབས་ཞུ། དོ་དམ་བཅས་གཞི་རིམ་དུ་ཕྱོགས་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་བརྒྱ་ཆའི་གྱ་ལྔ་རུ་གཟའ་འཁོར་རེ་རེར་ཉུང་མཐར་ཡང་ཉིན་གསུམ་ལ་ལས་སྲུང་ལས་རེས་བྱེད་པའི་རབ་འབྱམས་པའི་ཡན་གྱི་སྨན་པ་གཅིག་ཡོད་པར་ཁག་ཐེག་བྱས། སྡེ་བ་རིམ་པའི་སྐོར་སྐྱོད་སྨན་བཅོས་དང་ཡུལ་ཚོ་རིམ་པའི་བཅའ་སྡོད་ཞབས་ཞུའི་སྨན་བཅོས་སྤེལ་ནས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ལག་རྩལ་གསར་བ་དང་ལས་སྒོ་གསར་བ། ལས་གཞི་གསར་བ་སྤེལ་བར་རོགས་རམ་བྱས། གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་གྱི་ཆེད་ལས་ལག་རྩལ་ཆུ་ཚད་ཧུར་ཐག་གིས་མཐོར་འདེགས་བཏང་། ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་ལས་དོན་སྟོབས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་བ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་བརྒྱ་ཆའི་བརྒྱ་རུ་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་སྨན་ཁང་ཡོད་པ་མ་ཟད། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་ཞབས་ཞུ་འདོན་སྤྲོད་བྱས། སློབ་གྲྭ་ཆེན་མོ་བའི་གྲོང་གསེབ་སྨན་པའི་ཆེད་དོན་འཆར་འགོད་དང་གཞི་རིམ་འཕྲོད་བསྟེན་གྱི་འཇོན་མི་གསོ་སྦྱོང་ལས་གཞི་སོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། གྲོང་གསེབ་ཀྱི་འཕྲོད་བསྟེན་འཇོན་མིའི་དཔུང་སྡེ་རྒྱུན་མ་ཆད་པར་རྒྱ་བསྐྱེད།

གྲོང་གསེབ་ཀྱི་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བཏང་། ཆ་རྐྱེན་ཡོད་པའི་འཕྲོད་བསྟེན་ཁང་དུ་ཚ་རྒྱས་སྒོ་བསྟེན་བཙུགས་ནས། ཡོངས་ཁེབས་བྱེད་པ་མངོན་འགྱུར་བྱས། ཞིང་ཆེན་ཡོངས་ཀྱི་གཞི་རིམ་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུའི་ཆ་སྙོམས་མི་རེའི་ཁ་གསབ་ཚད་གཞི་དེ2009ལོའི་སྒོར་བཅོ་ལྔ་ནས་སྒོར་གོ་དགུ་རུ་ཇེ་མཐོར་བཏང་། ཞིང་ཆེན་རིམ་པའི་སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུའི་ལས་གཞི་ཆེན་པོ་གསུམ་དང་རིགས་སྣ་ཆུང་བ་བརྒྱད་ཁ་སྣོན་བྱས་པ་དང་། ལོ་རེར་མ་དངུལ་སྒོར་བྱེ་བ་གསུམ་བཏང་། ལོ་རེར་ཁ་གསབ་མ་དངུལ་སྒོར་བྱེ་བ་ལྔ་བཏང་ནས། ཞིང་ཆེན་ཡོངས་ཀྱི་ལོ་རེ་ལྔའི་ཡན་གྱི་ལོ་ལོན་གྱི་བདེ་ཐང་ལུས་དཔྱད་ལས་གཞི་ལག་བསྟར་བྱས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་མངའ་ཁུལ་གྱི་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་སོགས་དལ་བའི་རང་བཞིན་གྱི་ནད་བྱུང་བའི་ནད་པ་དང་ལོ་ལོན། བྱིས་པ། སྦྲུམ་མ་སོགས་གཙོ་གནད་མི་ཚོགས་ལ་དུས་ཚིགས་རེར་འཚམས་འདྲི་བྱེད་པ་དང་ལོ་རེར་ལུས་དཔྱད་དང་བདེ་ཐང་སློབ་གསོ་སྤེལ། ཁྱིམ་ཚང་གི་སྨན་པའི་གྲོས་མཐུན་འགོད་པའི་ཞབས་ཞུ་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ཀྱི་གྲོས་མཐུད་འགོད་ཚད་བརྒྱ་ཆའི་རེ་དགུ་དང་གྲངས་ཆུང་བརྒྱད་ལྔར་སླེབས་ལ། གཙོ་གནད་མི་ཚོགས་ཀྱི་གྲོས་མཐུན་འགོད་ཚད་བརྒྱ་ཆའི་གྱ་དྲུག་དང་གྲངས་ཆུང་བརྒྱད་བཞི་ལ་སླེབས།

རིན་ཆེན་མཚོས་བསྒྱུར།