མཚོ་བྱང་ཁུལ་གྱིས་གནས་སྐོར་ཚོང་རར་བྱ་དགའི་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་དྲུག་ཁྲི་དགུ་བྱིན།
2025.06.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་སྔོན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཐོག་དང་པོར་རིག་གནས་གནས་སྐོར་ཐོན་ལས་ཀྱི་ཆེད་དོན་བྱ་དགའི་མ་དངུལ་བཀོད་སྒྲིག་བྱས་ཏེ། རིག་གནས་གནས་སྐོར་ཁེ་ལས29དང་མི་སྒེར་ལ་བྱ་དགའི་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་དྲུག་ཁྲི་དགུ་བྱིན་ནས། དངོས་སྒྲུབ་པར་བྱ་དགའ་སྟེར་བ་དང་ཐོན་ལས་ཕྲེང་འབྲེལ་ལ་སྐུལ་འདེད་གཏོང་བའི་བརྡ་རྟགས་ཆེན་པོ་བཏང་།

ཐེངས་འདིའི་མ་དངུལ་གྱི་རོགས་སྐྱོར་ཐད་ནས་རིག་གནས་གནས་སྐོར་ཐོན་ལས་ཀྱི་ཕྲེང་འབྲེལ་ཧྲིལ་བོ་གཙིགས་འཛིན་བྱས་པ་དང་། ཚོང་རྟགས་བསྐྲུན་པ་དང་འགྲུལ་ཁུངས་བཞུར་འདྲེན། ཐོན་ལས་མཉམ་བསྲེས་སོགས་དུས་རིམ་གཙོ་བོར་དམིགས་ནས། རིགས་སྣ་ཆེན་པོ་བཞི་དང་འབྲེལ་བའི་བྱ་དགའི་སྲིད་ཇུས་མ་ལག་བཅུ་གཅིག་བཙུགས་པ་དང་། ཡུལ་སྐོར་ཚོགས་པའི་དཔུང་སྡེ་རྩ་འཛུགས་དང་རིག་གནས་གནས་སྐོར་ཚོང་རྟགས་འཛུགས་པ། སྨྱན་སྦྱོར་དྲིལ་སྒྲོག་ཚོང་གཉེར། འབྲེལ་ཡོད་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་སུ་གཏོང་བ་སོགས་ཐད་ཀྱི་བྱ་དགའི་ཚད་གཞི་གཏན་ཁེལ་གསལ་བོ་བྱས་ཏེ། རི་གནས་གནས་སྐོར་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།

བྱ་དགའི་རྒྱབ་སྐྱོར་མ་དངུལ་སྟེར་བའི་དམིགས་འབེན་ནི་མཚོ་བྱང་ཁུལ་རིག་གནས་དང་གནས་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་བྱ་དགའི་རྒྱབ་སྐྱོར་ལག་བསྟར་ཚོད་ལྟའི་ཞིབ་སྲོལ་གྱི་སྲིད་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་། རིག་གནས་གནས་སྐོར་ཚོང་རའི་གསོན་ཤུགས་ཆེར་བསྐྱེད་དེ། རིག་གནས་གནས་སྐོར་ཐོན་ལས་གསར་གཏོད་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། རྒྱབ་སྐྱོར་མ་དངུལ་དུས་ཐོག་ཏུ་བྱིན་པ་དེས། ཁེ་ལས་ཀྱིས་ལས་གཞི་མྱུར་དུ་ལག་བསྟར་བྱེད་པ་དང་རིམ་སྤོར་ཞབས་ཞུ་རིམ་སྤོར་བྱེད་པར་རམ་འདེགས་བྱས་པ་དང་། མི་སྒེར་གྱི་ཞིབ་འཇུག་དང་རྒྱུན་འཛིན་ལག་ལེན་ལ་སྐུལ་འདེད་བཏང་ནས། རིག་གནས་གནས་སྐོར་ཐོན་ལས་ཐད་སྒུལ་ནུས་ཆེན་པོ་བསྣན།

རིན་ཆེན་མཚོས་བསྒྱུར།