ཡུས་ཧྲུའུ་ཁུལ་དང་ཝུའུ་ཧན་རོལ་དབྱངས་སློབ་གླིང་གིས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་བྱས།
2025.06.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས8ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་དང་ཝུའུ་ཧན་རོལ་དབྱངས་སློབ་གླིང་གིས་སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་སྒྲོམ་གཞིར་གྲོས་མཐུན་འགོད་པའི་མཛད་སྒོ་ཡུས་ཧྲུའུ་རུ་འཚོགས། ཕྱོགས་གཉི་གས་རོལ་དབྱངས་སྒྱུ་རྩལ་གྱི་འབྲེལ་ཐག་ཇེ་དམ་དུ་བཏང་ནས། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤོར་ལ་དམ་པོར་དམིགས་ཏེ། སློབ་གྲྭ་དང་ས་གནས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་པ་མཉམ་དུ་འཚོལ་ཞིབ་བྱས།

ད་ཐེངས་ཀྱི་མཉམ་ལས་ཀྱིས་ཡུས་ཧྲུའུ་ཡི་སྒྱུ་རྩལ་འཇོན་མི་གསོ་སྐྱོང་དང་རོལ་དབྱངས་གསར་རྩོམ་སོགས་ཐད་ཀྱི་ཞན་ཆར་དམིགས་ནས། ཝུའུ་ཧན་རོལ་དབྱངས་སློབ་གླིང་གིས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཉམས་འགྱུར་རྫོགས་པའི་གསར་རྩོམ་དང་སློབ་ཚན་མཉམ་སྐྲུན། སྤུས་རྟགས་བསྐྲུན་རྒྱུ་སོགས་ཀྱི་ཐབས་ཤེས་སྤྱད་དེ། བོད་མི་རིགས་ཀྱི་རོལ་དབྱངས་རིག་གནས་གསོན་ཉམས་ཅན་རྒྱུན་འཛིན་ཐུབ་པར་སྐུལ་འདེད་གཏོང་རྒྱུ་རེད། ཕྱོགས་གཉི་གས་གཤམ་གསལ་ཁྱབ་ཁོངས་སུ་མཉམ་ལས་ཟབ་སྤེལ་གཏོང་བ་དང་རིག་གནས་གསར་གཏོད་བྱེད་པ། ཡུས་ཧྲུའུ་ཡི་གཟུགས་འདས་ཤུལ་གཞག་རིག་དངོས་དང་རང་བྱུང་མཛེས་ལྗོངས་ཀྱི་ཐོན་ཁུངས་སྔོག་འདོན་བྱེད་པ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་རོལ་དབྱངས་བརྩམས་ཆོས་གསར་རྩོམ་བྱས་ཏེ། “རྨ་འབྲི་རྫ་གསུམ་འབྱུང་ཡུལ”གྱི་སྐད་སྒྲ་རྒྱལ་ཡོངས་ལ་ཁྱབ་ཏུ་འཇུག་རྩིས་ཡོད། འཇོན་མི་གསོ་སྐྱོང་དང་ཁ་ཕྱོགས་ངེས་གཏན་གྱི་གསོ་སྐྱོང་། སློབ་དཔོན་ཆེན་མོའི་སློབ་ཚན་སོགས་ཀྱི་མཉམ་ལས་རྣམ་པར་བརྟེན་ཏེ། ས་གནས་དེ་གའི་སྒྱུ་རྩལ་འཇོན་མིའི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཡོང་བར་བྱེད་པ། རོལ་དབྱངས་སྨྱན་སྦྱོར་བྱས་ཏེ་འཁྲབ་སྟོན་འཛོམས་པོ་དང་རོལ་དབྱངས་བརྗོད་དོན་ཅན་གྱི་ཡུལ་སྐོར་ལམ་ཐིག་གསར་སྤེལ་བྱས་ཏེ། ཡུས་ཧྲུའུ་ཡིས་སྐྱེ་ཁམས་དང་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པའི་སྤུས་རྟགས་བསྐྲུན་རྒྱུར་རོགས་རམ་བྱས།

ཐེངས་འདིའི་མཉམ་ལས་ནི་ཡུས་ཧྲུའུ་ཡི་རིག་གནས་སློབ་གསོའི་བྱ་གཞག་གི་“དུས་ཐོག་ཆར་བ”ལྟ་བུ་ཞིག་ཡིན་པ་དང་། ཡུས་ཧྲུའུ་ཡིས་ཝུའུ་ཧན་རོལ་དབྱངས་སློབ་གླིང་གི་སྟོབས་ཤུགས་ལ་བརྟེན་ནས། ཡུས་ཧྲུའུ་ཡི་གངས་རི་རྩྭ་ཐང་དང་གཟུགས་འདས་ཤུལ་གཞག་རིག་གནས་སྒྱུ་རྩལ་གྱི་འཚོ་བཅུད་དུ་བསྒྱུར་ཏེ། མི་རིགས་ས་ཁུལ་གྱི་སྒྱུ་རྩལ་དང་སྐྱེ་ཁམས་ཡུལ་སྐོར་མཐུན་སྦྱོར་འཕེལ་རྒྱས་ཡོང་བའི་བགྲོད་ལམ་འཚོལ་ཞིབ་བྱ་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།