ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་དུ་ནགས་ཚལ་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས།
2025.06.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་དུ་ནགས་ཚལ་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས། མཚོ་སྔོན་གྱི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་ཞིང་ཆེན་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རེ་འགའ་ཞིབ་བཤེར་ལ་ཞུགས།

ཞིབ་བཤེར་ཚན་ཆུང་གིས་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ས་ཁུལ་ཁྱུང་རྒྱ་ནགས་ར་དང་ནན་ཧྲུའོ་རི་བོའི་ནགས་ར། མཁར་བྱང་ས་ཁུལ་ཝུའུ་ཀྲུང་ཧྲན་ལྗང་སྒྱུར་ཁུལ། ཟི་ལིང་བྱང་རི་གཙང་གསུམ་སྡེ་ཚོགས་ལྗང་སྒྱུར་ཁུལ་སོགས་སུ། ནགས་ས་སྲུང་སྐྱོབ་དང་ལྗང་མྱུག་གསོ་སྐྱོང་། ནགས་ཚལ་མེ་འགོག སྐྱེ་ཁམས་སླར་གསོ། ཚན་རིག་དང་མཐུན་པའི་ལྗང་སྒྱུར། རྗེས་ཀྱི་བདག་སྐྱོང་། ནགས་ལས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་ནན་མོ་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཟི་ལིང་གྲོང་ཁྱེར་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་བྱ་བའི་སྙན་ཞུར་ཉན་པ་ལས་གཞན། ད་དུང་ཚོགས་ཞུགས་དམངས་ཆེན་འཐུས་མིས་བསམ་འཆར་དང་གྲོས་འགོ་བཏོན།

ཞིབ་བཤེར་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་ཁོངས་ལྗང་སྒྱུར་བཟོ་སྐྲུན་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། ནགས་ཚལ་གྱི་ཁེབས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ནས། ནུབ་བྱང་ས་ཁུལ་གྱི“རྒྱལ་ཁབ་སྤྱི་གླིང་ནགས་རའི་གྲོང་ཁྱེར”དང“རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར”གྱི་གཟི་བརྗིད་གཉིས་ཐོབ་པའི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་དང་པོར་གྱུར་ཡོད་པའི་དབང་གིས། བྱ་བའི་གྲུབ་འབྲས་ཁས་ལེན་འོས་པ་ཞིག་རེད་ཅེས་བསྟན།

ཞིབ་བཤེར་ཚན་ཆུང་གིས་གཞུང་ལུགས་སློབ་སྦྱོང་ལ་མུ་མཐུད་ཤུགས་སྣོན་པ་དང་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ། བཅའ་ཁྲིམས་ཀྱི་གཏན་འབེབས་དམ་འཛིན་ནན་མོ་བཅས་བྱས་ཏེ། དཀའ་ངལ་དང་གནད་དོན་ཅི་ཡོད་མ་ནོར་མ་འཆུག་པའི་སྒོ་ནས་བཙལ་ནས། རྗེས་མཐུད་ལས་དོན་ཁྲོད་ཞིབ་འཇུག་དང་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ལྷོ་བྱང་རི་བོའི་ལྗང་སྒྱུར་བཟོ་སྐྲུན་ལ་གྲུབ་འབྲས་གང་འཚམ་ཐོབ་པའི་ཉམས་མྱོང་ཕྱོགས་བསྡོམས་ནན་མོ་བྱས་ཏེ། དཔེ་མཚོན་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྡེ་ཁག་གི་མཐུན་སྦྱོར་མཉམ་འགུལ་ལ་སྔར་ལས་ཤུགས་བསྣན་ནས། ནགས་ཚལ་བཅའ་ཁྲིམས་དྲིལ་སྒྲོག་ཁྱབ་གདལ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཁྲིམས་ལྟར་ནགས་ཚལ་ཐོན་ཁུངས་ལ་སྲུང་སྐྱོབ་དང་གསོ་སྐྱོང་། བེད་སྤྱོད་བཅས་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱི་རི་བོ་སྔར་ལས་ལྗང་མདོག་ལྡན་པ་དང་ཆུ་བོ་སྔར་ལས་དྭངས་པ། གནམ་སྔར་ལས་སྔོན་པོ་ཡིན་པ་བཅས་ཡོང་བར་བྱས་ནས། མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་བདེ་སྐྱིད་དང་སྐྱིད་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

རྒྱུས་ལོན་བྱུང་བ་ལྟར་ན། ཞིབ་བཤེར་ཚན་ཆུང་གིས་ཟླ་དྲུག་པའི་ཟླ་དཀྱིལ་ནས་ཟླ་མཇུག་བར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ཡུལ་དངོས་ནས་ཞིབ་བཤེར་བྱ་རྒྱུ་ཡིན་པར་མ་ཟད། གྲོང་ཁྱེར་དང་ཁུལ་གཞན་དག་གིས་ཀྱང་རང་བཤེར་བྱེད་དགོས་པའི་ཐད་ནས་མངགས་བཅོལ་བྱ་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།