ཞིང་ཆེན་སྲིད་གྲོས་ཀྱིས“ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་གྲོང་རྡལ་གྲགས་ཅན། གྲོང་ཚོ་གྲགས་ཅན་བཅས་འཛུགས་སྐྲུན་ཁྲོད་དམར་པོའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུར”དམིགས་ཏེ་རྟོག་ཞིབ་བྱས།
2025.06.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཉེ་ལམ། ཞིང་ཆེན་སྲིད་གྲོས་རྟོག་ཞིབ་ཚན་ཁག་གིས“ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་གྲོང་རྡལ་གྲགས་ཅན། གྲོང་ཚོ་གྲགས་ཅན་བཅས་འཛུགས་སྐྲུན་ཁྲོད་དམར་པོའི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་དེ་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུར”དམིགས་ཏེ། ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་ནན་མོ་བྱས།

རྟོག་ཞིབ་ཚན་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་འོག་ཏུ། རང་རེའི་ཞིང་ཆེན་གྱི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་སྲིད་ཇུས་ཀྱི་ཁྲིམས་སྲོལ་མ་ལག་རིམ་བཞིན་འཐུས་ཚང་དུ་ཕྱིན་པ་དང་། ཐོན་ཁུངས་གསོན་འགྱུར་བེད་སྤྱོད་ཐད་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཡོད་ལ། ཡར་ཞུ་ངོས་འཛིན་གཏན་འབེབས་ཀྱི་ཚད་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད་ཅིང་། ཁྱད་པར་དུ་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་དང་གྲོང་རྡལ་གྲགས་ཅན། གྲོང་ཚོ་གྲགས་ཅན། སྲོལ་རྒྱུན་གྲོང་ཚོ་བཅས་ཀྱི“ཕྱོགས་བཞི་གཞི་གཅིག”དང“གྲོང་ཁྱེར་གསུམ་མཉམ་སྐྲུན”གྱི་སྤྱིའི་བཀོད་སྒྲིག་མ་ལག་འཆར་འགོད་འཛུགས་སྐྲུན་བྱས་ཏེ། དམར་པོའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་སྣོན་པ། དམར་པོའི་ཡུལ་སྐོར་ལམ་ཐིག་གྲགས་ཅན་བསྐྲུན་པ། དམར་པོའི་རིག་གནས་ཞིབ་སྦྱོང་ལག་ལེན་སློབ་གསོ་སྤེལ་བ་སོགས་ཀྱི་ཐད་ནས་ཕན་ཡོད་ཀྱི་འཚོལ་ཞིབ་བྱས་ཏེ་ཕན་འབྲས་ངེས་ཅན་ཐོབ་ཡོད་པའི་ངོས་འཛིན་བྱས།

རྟོག་ཞིབ་ཚན་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས། དམར་པོའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གསར་བརྗེའི་ལོ་རྒྱུས་སྔོག་འདོན་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་པ། དམར་པོའི་ཐོན་ཁུངས་ཀྱི་གཞི་རྩ་གསལ་ཐག་སྒོས་ཡིད་ལ་ངེས་པར་བྱེད་པ། གསར་བརྗེའི་རིག་དངོས་དང་ལོ་རྒྱུས་ཀྱི་རྒྱུ་ཆ་འཚོལ་བསྡུ་དང་ཡིག་ཚགས་ཀྱི་ཁོངས་སུ་འཇུག་པ་སོགས་ཀྱི་རྨང་གཞིའི་ལས་དོན་ཡག་པོར་སྒྲུབ་དགོས། ཏང་གིས་ལོ་རྒྱུས་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། སྲིད་ཇུས་དང་མ་དངུལ། འཇོན་མི་སོགས་མཐུན་རྐྱེན་འཛོམས་ཚད་སྔར་ལས་ཇེ་ལེགས་སུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་ལ་སྔར་ལས་མཐུན་སྦྱོར་བྱས་ནས་བྱ་བའི་མཉམ་ཤུགས་གྲུབ་པར་བྱས་ཏེ། ཞིང་ཆེན་གྱིས་སྤུས་ཚད་མཐོ་བའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་བསྐྲུན་རྒྱུར་རིག་གནས་ཀྱི་ནང་སྙིང་སྔར་ལས་ཆེན་པོ་སྣོན་རྒྱུ་དང་། རིག་གནས་འཕེལ་རྒྱས་ལ་ཕན་པའི་མཐུན་རྐྱེན་སྔར་ལས་གང་མང་བསྐྲུན་དགོས་པར་འདོད།

བན་དེ་སྐྱབས་ཀྱིས་བསྒྱུར།