ཟླ6པའི་ཚེས10ཉིན། གསར་འགོད་པས་ཞིང་ཆེན་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བཤེར་སྟོན་གནད་དོན་དག་ཐེར་ལེགས་བཅོས་དང་བཅོས་སྐྱོང་བྱེད་པའི་བྱ་བ་དམ་འཛིན་བྱེད་ཆེད། ཞིང་ཆེན་སྲིད་གཞུང་གིས་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་དང་གཅིག་འདོམས་མཐུན་སྦྱོར་བྱས་ནས་སྲིད་གཞུང་གི་ལས་གཞི་དང་རྒྱལ་ཁབ་ཁེ་ལས་ཀྱི་ལས་གཞིའི་གླ་ཕོགས་ཆད་འཇོག་གནད་དོན་ཆེད་དོན་བཅོས་སྐྱོང་བྱེད་པའི་བྱ་བ་བརྟན་བརླིང་ངང་སྤེལ་བ་དང་། གོང་འོག་མཉམ་འབྲེལ་དང་མཉམ་འཛིན་མཉམ་སྡོམ་གྱི་བྱ་བའི་རྣམ་པར་བརྟེན་ནས་མང་ཚོགས་ཀྱི་གླ་ཕོགས་ཆད་འཇོག་གནད་དོན་ཐག་གཅོད་བྱས། ཟླ5པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་སྲིད་གཞུང་དང་རྒྱལ་ཁབ་ཁེ་ལས་ལས་གཞིའི་གླ་ཕོགས་ཆད་འཇོག་གི་གྱོད་གཞི528ཐག་བཅད་དེ། ངལ་རྩོལ་པ4719ཡི་གླ་ཕོགས་སྒོར་བྱེ་བ་བདུན་དང་ས་ཡ་གསུམ་ཁྲི་དགུ་སྟོང་གསུམ་བཞི་བརྒྱ་འདེད་ལེན་བྱས།
ཞིང་ཆེན་སྲིད་གཞུང་གིས་ནམ་ཡང་གླ་ཕོགས་ཆད་འཇོག་གི་གནད་དོན་རྩ་བ་ནས་ཐག་གཅོད་རྒྱུ་དེ་དམངས་ཚིས་ཀྱི་བདེ་སྐྱིད་ཇེ་མཐོར་གཏོང་བའི་བྱ་བ་གཙོ་བོར་བརྩིས་ནས་སྐུལ་འདེད་བཏང་། ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཐེངས་མང་པོར་གླ་ཕོགས་ཆད་འཇོག་གི་གནད་དོན་རྩ་བཅོས་བྱེད་པ་དང་ཞིང་པ་ཞོར་ལས་པའི་ཟླ་ཕོགས་ཆད་འཇོག་གི་གནད་དོན་ཐག་གཅོད་པའི་བྱ་བའི་ཐད་ནས་མཆན་བཀོད་མཛུབ་སྟོན་བྱས་པ་དང་རེ་བ་བཏོན། ཞིང་ཆེན་སྲིད་གཞུང་གི་ཆེད་བསྐོས་འགོ་ཁྲིད་ཀྱིས་དུས་བཀག་ལྟར་གླ་ཕོགས་ཆད་འཇོག་ལ་བཅོས་སྐྱོང་བྱེད་པར་བཀོད་གཏོང་བྱས་པ་དང་། གྲོང་ཁྱེར་དང་ཁུལ་བརྒྱད་ལ་སོང་ནས་ཡུལ་དངོས་རྟོག་ཞིབ་བྱས་ཏེ། གླ་ཕོགས་ཆད་འཇོག་གི་གནད་དོན་ལ་དུས་བཀག་ལྟར་དག་ཐེར་ལེགས་བཅོས་བྱེད་པར་ཁག་ཐེག་བྱས། དུས་ཐོག་ཏུ་འབྲེལ་ཡོད་བྱ་བའི་ཇུས་གཞི་གཏན་འབེབས་པར་འགྲེམ་བྱས་པ་དང་། བྱེད་ཐབས་ཇེ་ཞིབ་ཏུ་བཏང་བ་དང་ལས་བགོ་གསལ་བོ་བྱས་ལ། འགན་འཁྲི་གཏན་ཁེལ་བྱས་ནས། གླ་ཕོགས་ཆད་འཇོག་ལ་བཅོས་སྐྱོང་བྱེད་པའི་བྱ་བའི་མཉམ་ཤུགས་གཅིག་བསྡུས་བྱས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་སྡོད་ཁང་འཛུགས་སྐྲུན་སོགས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཉི་ཤུ་ལྷག་གིས་མཉམ་ལས་མཉམ་འབྲེལ་དམ་ཟབ་བྱས་པ་དང་། དུས་བཀག་ལྟར་ཆེད་དོན་བཅོས་སྐྱོང་གི་ཞིང་ཆེན་རིམ་པའི་སྐུལ་སྤེལ་བཀོད་སྒྲིག་གྲོས་ཚོགས་བསྡུས་ནས། གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་དང་ལས་འགན་ལ་མཐུན་སྦྱོར་བཀོད་སྒྲིག ལྟ་སྐུལ་ལག་བསྟར་ལ་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་གླ་ཕོགས་ཆད་འཇོག་ལ་བཅོས་སྐྱོང་བྱེད་པའི་བྱ་བ་མ་ལག་ཅན་དང་ཚད་ལྡན་ཅན། ཡུན་ཕན་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་།
བྱ་བ་སྣ་ཚོགས་སྔ་མོ་ནས་བསྒྲུབ་ཆེད། ཞིང་ཆེན་སྲིད་གཞུང་གིས་འགག་སྒོ་སྔ་བསྣུར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཕྱོགས་བསྡུས་ཇུས་བསྟར་ལ་ཤུགས་བསྣན་ནས། ཞིང་ཆེན་ཡོངས་སུ་གླ་ཕོགས་ཆེད་གཉེར་དོ་དམ་པའི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་གསོ་སྦྱོང་སྤེལ་བ་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཁག་རྒྱལ་ཁབ་ཀྱི་ཁེ་ལས་དང་ཀྲུང་དབྱང་གི་ཁེ་ལས་དུ་སོང་ནས་སྲིད་ཇུས་སྒྲོག་འགྲེལ་བྱས་ལ། མི་བཀོལ་སྡེ་ཁག་གི་ངལ་རྩོལ་མི་བཀོལ་གྱི་དོ་དམ་དང་གླ་ཕོགས་སྟེར་བའི་ལམ་ལུགས་ལག་བསྟར་བྱེད་ཚད་ཚད་ལྡན་དུ་བཏང་། སྲིད་གཞུང་གི་ལས་གཞི་དང་རྒྱལ་ཁབ་ཁེ་ལས་ཀྱི་ལས་གཞི་ལ་དམིགས་ནས། འབྲེལ་ཡོད་སྡེ་ཁག་གིས་བཟོ་སྐྲུན་འཛུགས་སྐྲུན་སོགས་གཙོ་གནད་ལས་རིགས་སུ་གླ་ཕོགས་ཆད་འཇོག་གི་གྲལ་བཤེར་ཆེན་པོ་སྤེལ་བར་མཛུབ་སྟོན་བྱས་ཏེ། གླ་ཕོགས་ཆད་འཇོག་གི་ཉེན་ཁ་དུས་ཐོག་ཏུ་ཐག་གཅོད་པར་ཁག་ཐེག་བྱས།
རིན་ཆེན་མཚོས་བསྒྱུར།