ཟླ6པའི་ཚེས10ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་བསྡུས་ནས། རང་ཞིང་གི་ཁྲིམས་བསྟར་ཞིབ་བཤེར་བྱ་བའི་ཇུས་གཞི་ཁྱབ་བསྒྲགས་བྱས་པ་དང་། ཁྲིམས་བསྟར་ཞིབ་བཤེར་བྱ་བ་བཀོད་སྒྲིག་ལག་བསྟར་བྱས།
ཞིབ་བཤེར་ཚན་ཆུང་གིས་བསྟན་དོན། ཐེངས་འདིའི་ཁྲིམས་བསྟར་ཞིབ་བཤེར་དེ་ཐོག་མར་ཞིང་ཆེན་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་བཞི་ཡིས་མཉམ་འབྲེལ་སྒོས་སྤེལ་བ་དང་། རྣམ་པ་གསར་བ་དང་ནང་དོན་ཆ་ཚང་ལ། ཁེབས་རྒྱ་ཧ་ཅང་ཆེ། ཞིབ་བཤེར་ཚན་ཆུང་གིས་ནན་གྱིས་བསྟན་དོན། གཙོ་གནད་ཁྱབ་ཁོངས་དང་གནད་འགག་དུས་རིམ་ལ་དམ་དུ་དམིགས་ནས། སྲིད་གཞུང་གི་འགན་འཁྲི་ལག་བསྟར་བྱེད་རྒྱུ་གཙིགས་འཛིན་བྱེད་པ་དང་། མཉམ་འཛིན་མཉམ་སྡོམ་གྱི་རྣམ་པ་གྲུབ་པར་སྐུལ་འདེད་གཏོང་དགོས། ཉེན་ཁ་ལྟ་ཞིབ་དཔྱད་འཇོག་བྱེད་པར་དམ་དུ་དམིགས་ཏེ། ཟས་རིགས་བདེ་འཇགས་ཀྱི་འགོག་ར་བརྟན་པོ་འཛུགས་དགོས། ཚད་ལྡན་མ་ལག་འཛུགས་སྐྲུན་བྱེད་པར་དམ་དུ་དམིགས་ནས། ཁྲིམས་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཐོན་སྐྱེད་ཚོང་གཉེར་གྱི་གཙོ་གཞི་འགན་འཁྲི་ལ་དམ་དུ་དམིགས་ནས། འགོ་ཁུངས་ནས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དགོས། གཙོ་གནད་ཡུལ་གནས་ཀྱི་ལྟ་སྐུལ་དོ་དམ་ལ་དམ་དུ་དམིགས་ཏེ། གཙོ་གནད་མི་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད་དགོས། ཕྱིར་གཏོང་ནང་འདྲེན་གྱི་ལྟ་སྐུལ་དོ་དམ་ལ་དམ་དུ་དམིགས་ནས། རྒྱལ་སྒོའི་བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། དྲ་རྒྱའི་སྟེགས་བུའི་ལྟ་སྐུལ་དོ་དམ་ལ་དམ་དུ་དམིགས་ཏེ། འཛད་སྤྱོད་ཀྱི་གནས་བབ་གསར་བ་དང་མཐུན་པར་བྱེད་དགོས། བཅའ་ཁྲིམས་ཀྱི་འགན་འཁྲི་ལག་བསྟར་བྱེད་པར་དམ་དུ་དམིགས་ནས། སྤྱི་ཚོགས་ཀྱི་མཉམ་བཅོས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས། ཁྲིམས་བསྟར་ཞིབ་བཤེར་བརྒྱུད་དེ་བཅའ་ཁྲིམས་ལག་བསྟར་གྱི་བརྒྱུད་རིམ་ཁྲོད་གནས་པའི་གནད་དོན་རྟོགས་པར་བྱས་ཏེ། རྒྱལ་ཁབ་ཀྱི་རིམ་ངོས་ནས་ཟས་རིགས་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བའི་ཐད་གཞི་འཛིན་ས་དང་དཔྱད་གཞི་འདོན་སྤྲོད་བྱེད་དགོས།
ཞིབ་བཤེར་ཚན་ཆུང་གིས། ཁྲིམས་བསྟར་ཞིབ་བཤེར་གྱི་བརྒྱུད་རིམ་ཁྲོད་གཟབ་ནན་དངོས་སྒྲུབ་དང་ཞིབ་ཚགས་རྒྱུན་འཁྱོངས་བྱས་ནས། ཁྲིམས་བསྟར་ཞིབ་བཤེར་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་ཁག་ཐེག་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། དངོས་འགུལ་བཙན་ཐུག་བྱེད་ཕོད་པ། གནད་དོན་གྱི་གསལ་ཕྲ་བཙུགས་ཏེ། དག་ཐེར་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། སྒྲིག་ལམ་དང་སྤྱོད་ཚུལ་ཇེ་དམ་དུ་བཏང་ནས། ཕྱི་ཚུལ་རིང་ལུགས་བཀག་འགོག་བྱེད་དགོས། ཟས་རིགས་བདེ་འཇགས་བཅའ་ཁྲིམས་དང་ཁྲིམས་བསྟར་ཞིབ་བཤེར་བྱ་བ་དྲིལ་སྒྲོག་རྒྱ་ཆེར་བྱེད་པ་དང་། དཔེ་མཚོན་དཔེ་གཞི་ཡོངས་བསྒྲགས་བྱེད་པ། ཟས་རིགས་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་དུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་ཟས་རིགས་བདེ་འཇགས་ལ་དོ་སྣང་བྱེད་པ་དང་ཟས་རིགས་བདེ་འཇགས་ཀྱི་ལྟ་སྐུལ་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་དགོས་པའི་རེ་བ་བཏོན།
རིན་ཆེན་མཚོས་བསྒྱུར།