ཟླ6པའི་ཚེས10ཉིན། ཉིས་སྟོང་ཉེར་ལྔ་ལོར་ཀྲུང་གོ་བཟོ་ཚོང་དངུལ་ཁང་རྟགས་མའི་རབ་མཛེས་མཚོ་སྔོན་གྱི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་བཞི་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས། སྐབས་འདིའི་འགྲན་སྡུར་ཟླ7པའི་ཚེས5ཉིན་གནའ་མཁར་ཟི་ལིང་ནས་འགོ་རྩོམ་རྒྱུ་ཡིན་པ་དང་རུ་ཁག་ཉེར་གཉིས་འགྲན་སྡུར་ལ་ཞུགས་རྒྱུ་ཡིན་པར་མ་ཟད། འགྲན་སྡུར་གྱི་སྤྱིའི་ལམ་ཐག་གི་རིང་ཚད་ལ་སྤྱི་ལེ་ཆིག་སྟོང་བཞི་བརྒྱ་ཡོད།
2025ལོའི་རབ་མཛེས་མཚོ་སྔོན་གྱི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་བཞི་པའི་དུས་ཡུན་ཉིན་བརྒྱད་ཉིན་པ་དང་འགྲན་རིམ་བརྒྱད་བཀོད་སྒྲིག་བྱས་ཡོད་ལ། འགྲན་སྡུར་གྱི་སྤྱིའི་ལམ་ཐག་གི་རིང་ཚད་ལ་སྤྱི་ལེ་ཆིག་སྟོང་བཞི་བརྒྱ་ཡོད།
དེའི་ཁྲོད་དུ་འགྲན་རྩོད་ལམ་ཐག་གིས་སྤྱི་ལེ་ཆིག་སྟོང་སུམ་བརྒྱ་ཉེར་ལྔ་ཟིན་པ་དང་སྤོ་སྒྱུར་ལམ་ཐག་གིས་སྤྱི་ལེ་རེ་ལྔ་ཟིན། གཟི་བརྗིད་ཉམས་སྤྱོད་བྱེད་པའི་འཁོར་སྐྱོད་ལམ་ཐག་གིས་སྤྱི་ལེ་བཅུ་ཟིན། ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དུ་མཇུག་བསྒྲིལ་རྒྱུ་རེད། འགྲན་སྡུར་འདིས་གོ་ལ་ཧྲིལ་བོའི་གླིང་ཆེན་བཞིའི་རྒྱལ་ཁབ་བཅུ་གཅིག་གི་རུ་ཁག་ཉེར་གཉིས་དང་འགྲན་ཞུགས་པ་བརྒྱ་དང་ང་བཞི་བཅས་ཚུར་བཀུག་ཡོད་ལ། དེའི་ཁྲོད་དུ་རྒྱལ་སྤྱི་རིམ་པའི་རྩེར་སོན་རུ་ཁག་གཅིག་དང་ཆེད་ལས་རུ་ཁག་བརྒྱད། གླིང་ཆེན་རིམ་པའི་རུ་ཁག་བཅུ་གསུམ་བཅས་ཚུད་ཡོད།
ཐེངས་འདིའི་འགྲན་སྡུར་དེ་ཚན་རིག་དང་མཐུན་ཞིང་གཟབ་ནན་གྱི་ལམ་ཐིག་ཇུས་འགོད་བྱས་པར་བརྟེན་ནས་ཐང་དང་རི་ངོས། དེའུ་འབུར་སོགས་ས་དབྱིབས་མི་འདྲ་བ་སྣ་ཚོགས་ཆད་མེད་སྦྲེལ་མཐུད་བྱས་ཡོད་ལ། ཆ་སྙོམས་མཚོ་འཕང་སྨི་སུམ་སྟོང་ལ་སླེབས་ཡོད། འགྲན་རིམ་གྱི་བཀོད་སྒྲིག་དེ་ལོ་རྒྱུས་རིག་གནས་དང་མི་རིགས་ཀྱི་ཁྱད་ཆོས། རང་བྱུང་གི་བཀོད་པ་བཅས་དང་དམ་དུ་སྦྲེལ་ཡོད་ལ། ལམ་ཐིག་ཧྲིལ་བོར་མཚོ་སྔོན་གྱི་ཡངས་བའི་རྩྭ་ཐང་དང་མཚེའུ། གཙང་བོ། ནགས་ཚལ། གངས་རི། རྣམ་པར་བཀྲ་བའི་མེ་ཏོག འགག་དོག་པའི་འཕྲང་ལམ་བཅས་ཕྱིའི་སྣོད་ཀྱི་བཀོད་པའི་མཛེས་སྡུག་གིས་ཁྱབ་ཡོད་ལ། འགྲན་སྡུར་གྱིས་ཕན་ཚུན་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས། མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ནུས་སྣ་མང་ཕྱོགས་ཡོངས་ནས་འདོན་སྤེལ་བྱས་ཏེ། དམངས་ཡོངས་ཀྱིས་ལུས་སྦྱོང་བྱེད་པའི་སྣེ་ཁྲིད་པ་དང་གྲོང་གསེབ་དར་སྤེལ་ལ་སྐུལ་ཁྲིད་བྱེད་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། ཐོན་ལས་འཕེལ་རྒྱས་ལ་རོགས་འདེགས་བྱ་རྒྱུ་རེད།
མི་ཕམ་མགོན་པོས་བསྒྱུར།