ཞིང་ཆེན་རིམ་པའི་གཞུང་ལུགས་སྒྲོག་འགྲེལ་ཚོང་རྟགས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་ཐེངས་དང་པོ་ཟླ6པའི་ཚེས11ཉིན་མཚོ་སྔོན་མི་རིགས་སློབ་ཆེན་དུ་སྤེལ་བ་དང་། མཚོ་སྔོན་གྱི་མཐོ་རིམ་སློབ་གྲྭ་སོ་སོ་ནས་ཡོང་བའི་སློབ་མ་བརྒྱད་བརྒྱ་ལྷག་གིས་སྒྲོག་འགྲེལ་ལ་ཉན།
བསིལ་རླུང་སྒྲོག་འགྲེལ་ནི་ཞིང་ཆེན་རིམ་པའི་གཞུང་ལུགས་སྒྲོག་འགྲེལ་ཚོང་རྟགས་ཡིན་པ་དང་། དེར་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཙོ་འགན་ཁུར་བ་དང་། ཞིང་ཆེན་ཏང་ཨུའི་འཆད་ཁྲིད་ཚོགས་པས་འགན་ཁུར་ནས་བཙུགས་པའི་གཞུང་ལུགས་སྒྲོག་འགྲེལ་ཚོང་རྟགས་དཔུང་སྡེ་ཞིག་ཡིན། སྒྲོག་འགྲེལ་པ་དག་ནི་རང་ཞིང་གི་ལོ་རེ་རེའི་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་གཟེངས་བསྟོད་ཐོབ་པའི་གཞི་རིམ་གྱི་གཞུང་ལུགས་སྒྲོག་འགྲེལ་གྱི་སྔོན་ཐོན་མི་སྒེར་དང་སྐབས་རིམ་པའི་ཞིང་ཆེན་ཡོངས་ཀྱི་གཞི་རིམ་གཞུང་ལུགས་སྒྲོག་འགྲེལ་འགྲན་བསྡུར་གྱི་ཕུལ་བྱུང་འགྲན་ཞུགས་པ། གཞི་རིམ་གྱི་གཞུང་ལུགས་སྒྲོག་འགྲེལ་གྱི་རྐང་འཛིན་པ་བཅས་ཡིན། དེ་དང་མཉམ་དུ་ཆབ་སྲིད་ཀྱི་བྱང་ཚད་མཐོ་ཞིང་གཞུང་ལུགས་ཀྱི་རྨང་གཞི་བརྟན་ལ། སྒྲོག་འགྲེལ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་ཆེད་མཁས་པ་དང་རིག་གནས་པ་སྐོར་ཞིག་གིས་སྒྲོག་འགྲེལ་བློ་འདྲི་བའི་འགན་ཁུར་དུ་བཅུག་ནས། སྒྲོག་འགྲེལ་པས་གསར་གཏོད་ཀྱི་བསམ་བློ་ལྡན་པ་དང་དག་ཅིང་གསལ་བའི་སྒྲོག་འགྲེལ་གྱི་རྣམ་པ་བརྒྱུད་དེ། ཏང་གི་གསར་གཏོད་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས། ཉམས་མྱོང་གྲུབ་འབྲས་སོགས་སྒྲོག་འགྲེལ་བྱེད་པར་མཛུབ་སྟོན་བྱས།
སྒྲོག་འགྲེལ་ཡུལ་དངོས་སུ། སྒྲོག་འགྲེལ་པ་དགུ་ཡིས་དཔེ་གཞི་དངོས་དང་བབ་ཆགས་གོ་བདེ་ཡི་སྐད་ཆ། བརྩེ་སེམས་ཟབ་མོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཚོ་སྔོན་ལག་ལེན་དང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་པ་བྱེད་པའི་ལག་ལེན་དཔེ་གཞི། རང་ཞིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་བཟང་བོ། མཚོ་སྔོན་གྱི་ན་གཞོན་ཚོས་མི་སྒེར་ཕུགས་འདུན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཁྲོད་འདྲེས་པར་བྱས་ནས། མཚོ་སྔོན་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་བྱས་པའི་འགན་འཁྲི་ཁག་ཁུར་བཅས་སྒྲོག་འགྲེལ་བྱས། དགེ་སློབ་ཚོས། སྒྲོག་འགྲེལ་པས་གཏམ་རྒྱུད་ཆུང་བ་བརྒྱུད་དེ་གནས་ལུགས་ཆེན་པོ་བཤད་པ་དང་། གོ་བདེ་ཉན་སྤྲོ་ཡི་སྐད་ཆས་གཞུང་ལུགས་ཀྱི་གོ་དོན་འགྲེལ་བཤད་གསལ་བོ་བྱས་ལ། ཉེ་འགྲམ་གྱི་གཏམ་རྒྱུད་བརྒྱུད་དེ་ན་གཞོན་ཚོས་སྦྱངས་པ་དང་དྲན་པ་མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་བསྒྱུར་བར་སྐུལ་སློང་བཏང་བས། སྐུལ་ལྕག་ཆེན་པོ་ཐེབས་པ་དང་། མ་འོངས་པར་སྤོབས་སེམས་ཆེན་པོ་དང་ཆེད་ལས་ཀྱི་རིགས་སྟོབས་ལ་བརྟེན་ནས་དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་ཁྲོད་ཞུགས་ཏེ། མཐོ་སྒང་ནས་དུས་རབས་གསར་བའི་འབད་འཐབ་ཀྱི་ལེའུ་རྩོམ་རྒྱུ་ཡིན་པའི་ཚུལ་བསྟན།
རིན་ཆེན་མཚོས་བསྒྱུར།