མཚོ་ལྷོ་ཁུལ་གྱིས་གཡུལ་ས་གཉིས་ལ་བརྟེན་ནས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་བྱེད་པ་དང་འབབ་འཕར་ཡོང་བར་སྐུལ་འདེད་བཏང་།
2025.06.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

མཚན་མོའི་ཁྲོམ་རའི་ལས་ཞུགས་ཁྲོམ་སྟེགས་དང་རྒྱུགས་རའི་ལས་ཞུགས་ས་ཚིགས་ཞེས་པའི་ལས་ཞུགས་ཞབས་ཞུའི་གཡུལ་ས་གསར་པ་གཉིས་བསྐྲུན་ནས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལས་ཞུགས་ཞབས་ཞུ་ཅུའུ་ཡིས་ལས་ཞུགས་ཡོང་འབབ་ཀྱི་བྱེད་ཐབས་གསར་གཏོད་འཚོལ་ཞིབ་བྱས་ཏེ། ཟླ5པའི་ཟླ་མཇུག་བར་མཚོ་ལྷོ་ཁུལ་གྱི་གྲོང་དང་གྲོང་རྡལ་དུ་ལས་ཞུགས་མི་སྣ1426གསར་སྣོན་བྱུང་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་གྲངས་ཁྲི་གཉིས་དང་སྟོང་ལྔ་བཞི་བརྒྱ་སྤོ་སྒྱུར་ལས་ཞུགས་བྱས་པར་མ་ཟད། མི6285ལ་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས།

ཁུལ་ལས་ཞུགས་ཞབས་ཞུ་ཅུའུ་ཡིས་གུང་ཧོ་རྫོང་མཁར་བྱང་ཁུལ་གསར་གྱི་མཚན་མོའི་ཁྲོམ་ར་བེད་སྤྱད་དེ། གུང་ཧོ་རྫོང་ལས་ཞུགས་ཅུའུ་དང་ཁུལ་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་རིགས་མཐུན་ཚོགས་དང་མཉམ་འབྲེལ་གྱིས་མཚན་མོའི་ཁྲོམ་རར་ལས་ཞུགས་ཞབས་ཞུའི་ཁྲོམ་སྟེགས་བཙུགས་ནས། ལས་ཞུགས་ལས་གཏོད་ཁ་གསབ་དང་སྤྱི་ཚོགས་འགན་སྲུང་ཁ་གསབ། ལས་རིགས་རྩལ་ནུས་གསོ་སྦྱོང་སོགས་ཀྱི་སྲིད་ཇུས་ལ་གསལ་འགྲེལ་གཏིང་ཟབ་བྱས།  རིམ་རྩིས་བྱས་ན་མི་2000ལྷག་ཙམ་བློ་འདྲི་བྱེད་དུ་ཡོང་ཞིང་དྲིལ་སྒྲོག་དཔྱད་ཡིག3000ལྷག་ཙམ་འགྲེམས་སྤེལ་བྱས། ལས་ཞུགས་ཀྱི་སྤྱི་སྟེགས་ལ་དོ་ཁུར་བྱེད་མཁན་མི་གྲངས500ལྷག་ཙམ་གསར་དུ་འཕར་སྣོན་བྱུང་།

ལས་དོན་ལས་ཁུངས་ཀྱི་རྒྱུགས་ལེན་ས་ཚིགས་མཐའ་འཁོར་དུ་སྐོར་སྐྱོད་ལས་ཞུགས་ས་ཚིགས་བཙུགས་ནས་རྒྱུགས་ལེན་མཁན་ལ་ལས་ཞུགས་ཀྱི་མིང་བྱང་སྤྲད་པ་དང་། ཡུལ་དངོས་སུ་འགྲེལ་བཤད་དང་ལས་གནས་ཆ་འཕྲིན་རེའུ་མིག་སྤྲད་པ་བརྒྱུད་ནས། རྒྱུགས་ལེན་མཁན་ལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གི་ལས་ཞུགས་སྐོར་གྱི་མཛུབ་སྟོན་དང་ལས་རིགས་རྩལ་ནུས་གསོ་སྦྱོང་། ལས་ཞུགས་ལྟ་སྦྱོང་སོགས་ཐད་ཀྱི་ཞབས་ཞུའི་ནང་དོན་ངོ་སྤྲོད་བྱས་ཏེ།  རྒྱུགས་ལེན་མཁན་གྱིས་ལས་རིགས་འཕེལ་རྒྱས་ཀྱི་ཐབས་ལམ་ལུགས་མཐུན་ངང་འཆར་འགོད་བྱེད་པར་ཁྲིད་སྟོན་བྱས།  ད་ལྟ་རྒྱུགས་སྤྲོད་མཁན5900ལྷག་ཙམ་ལ་ཞབས་འདེགས་ཞུས་པ་དང་ལས་གནས་ཆ་འཕྲིན་དཔྱད་གཞི་དང་ལས་ཞུགས་མིང་བྱང7500ལྷག་ཙམ་བྱིན་ཡོད།  དེ་དང་མཉམ་དུ་ཁེ་ལས་དང་སློབ་གྲྭ  སྡེ་ཁུལ་སོགས་སྡེ་ཁག་དང་མཉམ་ལས་བྱེད་པར་ཤུགས་སྣོན་བྱས་ནས། རྣམ་པ་གསར་པ་དང་ནང་དོན་ཕུན་སུམ་ཚོགས་པའི་ལས་ཞུགས་ཞབས་ཞུའི་བྱ་འགུལ་སྔར་ལས་མང་པོ་སྤེལ་ཏེ། བྱ་བ་འཚོལ་མཁན་དང་མི་བཀོལ་སྤྱོད་བྱེད་པའི་སྡེ་ཁག་བར་འབྲེལ་ཟམ་བཙུགས་ནས། མཚོ་ལྷོ་ཁུལ་གྱི་གྲོང་དང་གྲོང་གསེབ་ཀྱི་མང་ཚོགས་ལ་སྤུས་ཚད་སྔར་ལས་མཐོ་བའི་ལས་ཞུགས་དང་ཡོང་འབབ་འཕར་སྣོན་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

གཡང་འབུམ་རྒྱལ་གྱིས་བསྒྱུར།