ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ཡོལ་མཉམ་སྐྲུན་བྱས་ནས། མཐོ་སྒང་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་འཚོལ་ཞེས་པ་བརྗོད་གཞི་ཡིན་པའི་སྐབས་དྲུག་པའི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གླེང་སྟེགས་དེ་ཟི་ལིང་གྲོང་ཁྱེར་དུ་བསྡུས།
མཚོ་བོད་མཐོ་སྒང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གླེང་སྟེགས་ནི་རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བརྗོད་གཞི་ཡིན་པའི་རིག་གཞུང་རང་བཞིན་གྱི་བརྗེ་རེས་གླེང་སྟེགས་གཅིག་པུ་དེ་ཡིན། ཐེངས་འདིའི་གླེང་སྟེགས་ལས་དུས་སྐབས་གསར་བའི་སྐྱེ་ཁམས་དཔལ་ཡོན་འཕེལ་རྒྱས་ཀྱི་བརྗོད་གཞི་དང་ལས་འགན་ལ་ཞིབ་འཇུག་བགྲོ་གླེང་བྱས་པ་དང་། སྐྱེ་ཁམས་ཁྱབ་ཁོངས་ཀྱི་ཆེད་ལས་མཁས་པ་དག་གིས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཕྱོགས་ཀྱི་རིག་གཞུང་བརྒལ་བརྟག་སྣ་ཚོགས་བརྒྱུད་མཐར། གཞུང་ལུགས་ཀྱིས་ལག་ལེན་ལ་སྐུལ་འདེད་གཏོང་བའི་ངེས་དོན་གྱི་རིགས་པའི་རྒྱབ་དཔུང་རྙེད་དེ། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་མཐོ་བའི་དངོས་གཉེར་གྱི་གཞུང་ལུགས་འདེགས་སྐྱོར་འདོན་སྤྲོད་བྱས་པ་མ་ཟད། མ་འོངས་པའི་སྐྱེ་ཁམས་སྲུང་སྐྱོབ་ཐད་འཕྲད་པའི་དོན་དངོས་ཀྱི་དཀའ་ཁག་ལ་ཚན་རིག་གིས་ཐག་གཅོད་ཇུས་མཁོ་འདོན་བྱས།
གླེང་སྟེགས་སྟེང་དུ། ཡོན་ཧྲི་ཝུའུ་ཐེན་དབྱི་ཡིས་གཙང་གསུམ་འབྱུང་ཡུལ། མཐོ་སྒང་ཚེ་སྲོག་ཚན་རིག་གི་ཕོ་བྲང་ཞེས་པ་བརྗོད་གཞིར་བཟུང་ནས་གཏམ་བཤད། དགེ་རྒན་ཆེན་མོ་ཀྲོ་ཞིན་ཆོན་གྱིས་རྩྭ་སའི་ཐོན་ཁུངས་ཀྱི་འགྱུར་ལྡོག་ཁྱད་ཆོས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་ནས་རྒྱས་བཤད་བྱས། དགེ་རྒན་ཆེན་མོ་ཆི་ཅན་ཡུས་ཀྱིས་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་དང་གཞིས་ཁུལ་རིག་གནས་བསྐྱར་འཛུགས་ཞིབ་འཇུག་དང་མིའི་རིགས་རིག་པའི་ཡུལ་དངོས་རྟོག་དཔྱོད་ཀྱི་ཕྱོགས་ནས་འཆད་ཁྲིད་བྱས། དགེ་རྒན་ཆེན་མོ་ཞི་ཀྲི་ནོང་གིས་བརྙན་པར་གྱིས་རང་བྱུང་སྲུང་སྐྱོབ་བྱེད་པའི་གཙང་གསུམ་འབྱུང་ཁུལ་གྱི་ལག་ལེན་ཞེས་པའི་བརྗོད་གཞིའི་སྟེང་ནས་བརྗེ་རེས་གཏམ་བཤད་སྤེལ། དགེ་རྒན་ཆེན་མོ་ཞུའུ་ཀྲོ་ཐོ་ཡིས་ཀྲུང་གོའི་རིག་གནས་ཀྱི་ཚན་རིག་གཏན་ཚིགས་དང་འཕེལ་འགྱུར་ཞེས་པ་བརྗོད་གཞིར་བཟུང་ནས། ཁུ་ནུ་རིག་གནས་ཀྱི་གྲུབ་ཚུལ་སྐོར་ནས་འགྲེལ་བཤད་བྱས། དགེ་རྒན་ཆེན་པཱ་མོ་ཏོ་ཞོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་ཚན་རྩལ་འཇོན་ནུས། རིག་གནས་མཉམ་འདྲེས། ཡུལ་སྐོར་འཕེལ་རྒྱས་བཅས་གནས་བཞི་གཞི་གཅིག་གི་སྐྱེ་ཁམས་ཚན་རིག་དང་རིག་གནས་ཡུལ་སྐོར་ལ་མ་ལག་རང་བཞིན་གྱི་འགྲེལ་བཤད་ཟབ་མོ་བྱས།
ཐེངས་འདིའི་གླེང་སྟེགས་ནི་མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་མཐིལ་ཕྱིན་བྱས་ནས། བློ་གྲོས་གཅིག་སྡུད་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཕྱོགས་སུ་འཕྲད་པའི་དཀའ་ངལ་ཐད་གཅོད་བྱེད་པའི་ཐབས་ལམ་དང་བྱེད་ཐབས་བཙལ་བ་རེད་ལ། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་བའི་ལག་ལེན་ཐེངས་ཤིག་ཀྱང་རེད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།