ཟླ6པའི་ཚེས11ཉིན། གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་ཁྲལ་དོན་ཅུའུ་གཉིས་དང་མཉམ་འབྲེལ་སྒོས《ལས་ཤོར་ཉེན་སྲུང་གི་དམངས་ཕན་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་པའི་བྱེད་ཐབས་སྐོར་གྱི་བརྡ་སྦྱོར》ཞེས་པ་སྤེལ་ཏེ། སྲིད་ཇུས་དང་དམ་འབྲེལ་བྱས་ནས་ཁེ་ལས་ཀྱི་ལས་གནས་བརྟན་སྲུང་བྱས་པར་མ་ཟད་ལས་བཟོ་བར་སྙིང་སྟོབས་བསྩལ་ཡོད།
ལས་ཤོར་ཉེན་འགོག་འགན་ལེན་མ་དངུལ་ཟླ་བཅུ་གཉིས་ཀྱི་ཡན་སྤྲོད་པ་དང་། ལོ་སྔོན་མར་ལས་བཟོ་བ་མི་ཉུང་འཕྲི་བྱས་མེད་པ་དང་ལས་བཟོ་བ་ཉུང་འཕྲི་བྱས་པ་ཉུང་བའི་ཉེན་སྲུང་དུ་ཞུགས་ཡོད་པའི་ཁེ་ལས་ལ་ལས་གནས་བརྟན་སྲུང་གི་ཕྱིར་སྤྲོད་མ་དངུལ་སྟེར་བ། ཁེ་ལས་ཆེ་ཁག་དག་ལ་ཁེ་ལས་དང་ལས་བཟོ་བས་ལོ་སྔོན་མར་སྤྲད་པའི་ལས་ཤོར་ཉེན་སྲུང་མ་དངུལ་གྱི་བརྒྱ་ཆའི30ཕྱིར་སྤྲོད་པ་དང་། ཁེ་ལས་ཆུང་འབྲིང་ལ་བརྒྱ་ཆའི60ཕྱིར་སྤྲོད་པ། ཕྱོགས་གཞན་ཞིག་ནས་རྒྱ་བསྐྱེད་རང་བཞིན་གྱི་ལག་རྩལ་མཐོར་འདེགས་ཁ་གསབ་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས། ལས་ཤོར་ཉེན་སྲུང་དངུལ་བླངས་པའི་མི་སྣའང་ཁ་གསབ་སྲིད་ཇུས་ལོངས་སྤྱོད་ཆོག་པའི་ཁྱབ་ཁོངས་སུ་བཅུག་ཡོད་པ་དང་། ཁ་གསབ་དངུལ་ལེན་པའི་ཆ་རྐྱེན་ནི་ཉེན་སྲུང་མ་དངུལ་སྤྲད་ནས་ལོ་གསུམ་ལོན་དགོས་པ་དེ་ལོ་གཅིག་ལོངས་ན་ཆོག་པར་བྱས་ཡོད། མུ་མཐུད་དུ་ལས་ཤོར་ཉེན་སྲུང་མ་དངུལ་དང་གཞི་རྩའི་སྨན་བཅོས་འགན་སྲུང་མ་དངུལ། གནས་སྐབས་རིན་གོང་གི་ཁ་གསབ་སོགས་གྲོན་དངུལ་སྟེར་བའི་བྱ་བ་ལེགས་པར་སྒྲུབ།
དེ་དང་མཉམ་དུ། ཁེལ་ལས་ཀྱིས་རེ་ཞུ་བྱེད་མི་དགོས་པར་ཐད་ཀར་ལོངས་སྤྱོད་བྱས་ཆོག་པའི་ལས་སྒྲུབ་རྣམ་པ་ལག་བསྟར་བྱས་ཏེ། བརྡ་འཕྲིན་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཁེ་ལས་ལ་བརྡ་སྤྲོད་པ་དང་། མ་དངུལ་ཐད་ཀར་ཁེ་ལས་ཀྱི་གཞུང་གི་དངུལ་བྱང་དུ་གཏོང་བ། གཞུང་གི་དངུལ་བྱང་མེད་པའི་ཁེ་ལས་ཆུང་འབྲིང་དག་ལ་ཁྲལ་དོན་དང་སྤྱི་ཚོགས་འགན་སྲུང་དང་མཐུན་སྦྱོར་སྒོས་ཐད་ཀར་ཕྱིར་སྤྱི་ཚོགས་འགན་སྲུང་དངུལ་སྤྲོད་བྱང་བུར་གཏོང་བ། རིག་ནུས་སྡེབ་སྒྲིག་གི་བརྡ་འཕྲིན་གཏོང་བ་ལག་བསྟར་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་གཞི་གྲངས་སྤྱི་སྟེགས་ལ་བརྟེན་ཏེ། ཆ་རྐྱེན་དང་འཚམ་པའི་མི་རང་འགུལ་འདམ་གསེས་སྒོས་ཁ་པར་གྱི་བརྡ་འཕྲིན་དང་མཚོ་སྔོན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གིAPPསོགས་བརྒྱུད་ནས་ལས་ཤོར་ཉེན་སྲུང་མ་དངུལ་རེ་ཞུ་བྱེད་ཆོག་པའི་མིར་རེ་ཞུ་བྱེད་ཆོག་པའི་བརྡ་སྦྱོར་བཏང་།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།