ཟླ6པའི་ཚེས10ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ནོར་སྲིད་ཐིན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བའི་ཁྲིད་སྟོན་བྱས་ནས། མཚོ་སྔོན་གྱི་ཆུ་དང་རླུང་། ཉི་འོད་བཅས་ཀྱི་ཐོན་ཁུངས་རང་བཞིན་དུ་གསབ་རེས་བྱེད་པ་དང་ཁྱབ་ཁོངས་ཆེ་བ་སོགས་དག་གཙང་ནུས་ཁུངས་ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་རྐང་བཙུགས་ནས། ནོར་སྲིད་སྲིད་ཇུས་ཀྱིས་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ཀྱི་ནུས་ལྡན་ཐབས་ལམ་ཧུར་ཐག་གིས་འཚོལ་བ་དང་། རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཐོན་ལས་མཐོ་ས་བསྐྲུན་པར་མཚོ་སྔོན་གྱི་མ་དཔེ་གསར་བ་བསྐྲུན་པར་རོགས་འདེགས་བྱས།
སྲིད་ཇུས་མཁོ་འདོན་བྱེད་ཤུགས་ཆེ་རུ་བཏང་ནས། དག་གཙང་ནུས་ཁུངས་ཀྱི་ཐོན་ལས་འཕེལ་རྒྱས་ལམ་ལུགས་མ་ལག་འཛུགས་བསྐྲུན་བྱེད་དགོས། ཞིང་ཆེན་ནོར་སྲིད་ཐིན་གྱིས་སྔ་རྗེས་སུ་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས་ཞིབ་འཇུག་བྱས་ཏེ། མཚོ་སྔོན་གྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་འགུལ་སྐྱོད་ཇུས་གཞི་དང་དག་གཙང་དྲོད་འདོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་སོགས་སྲིད་ཇུས་ཡིག་ཆ་གཏན་འབེབས་བྱས་པ་དང་། དག་གཙང་དྲོད་འདོན་བཅོས་བསྒྱུར་གཏོང་བར་སྐུལ་འདེད་བཏང་ནས། ནུས་ཁུངས་གསར་བའི་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱས།
ནོར་ཁྲལ་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དག་གཙང་ནུས་ཁུངས་ཀྱི་ཁྱད་སྟོབས་དེ་འཕེལ་རྒྱས་ཁྱད་སྟོབས་སུ་བསྒྱུར། ནུས་ཁུངས་དྭངས་གཙང་གསར་སྤེལ་བེད་སྤྱོད་ལ་དམིགས་ནས། ཀྲུང་དབྱང་གི་ཡང་བསྐྱར་བེད་སྤྱོད་ཐུབ་པའི་ནུས་ཁུངས་ཀྱི་གློག་རིན་གྱི་ཟུར་སྣོན་ཁ་གསབ་མ་དངུལ་སོགས་ནོར་སྲིད་མ་དངུལ་གྱི་ནུས་པ་ནུས་ལྡན་ངང་འདོན་སྤེལ་བྱས་ཏེ། ཡང་བསྐྱར་བེད་སྤྱོད་ཐུབ་པའི་ནུས་ཁུངས་ཀྱི་གློག་འདོན་རྣམ་གྲངས473ལ་རྒྱབ་སྐྱོར་བྱས་ཏེ། ནུས་ཁུངས་དག་གཙང་རྣམ་གྲངས་བསྡུར་ཚད་མུ་མཐུད་དུ་ཆེ་རུ་ཕྱིན་ཡོད། དག་གཙང་དྲོད་འདོན་བསྒྱུར་བཀོད་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཀྲུང་དབྱང་གི་བྱང་ཕྱོགས་ས་ཁུལ་གྱི་དགུན་དུས་དག་གཙང་དྲོད་འདོན་བསྒྱུར་བཀོད་ཀྱི་གྲངས་བཅད་བྱ་དགའའི་ཁ་གསབ་མ་དངུལ་གོ་སྐབས་སུ་བྱས་ཏེ། ཀྲུང་དབྱང་ཐེབས་རྩའི་མ་དངུལ་གཅིག་གྱུར་གྱིས་དག་གཙང་དྲོད་འདོན་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པ་དང་། ཞིང་ཆེན་རིམ་པའི་དག་གཙང་དྲོད་འདོན་བྱ་དགའི་ཁ་གསབ་མ་དངུལ་བཙུགས་ནས་དག་གཙང་དྲོད་འདོན་བསྒྱུར་བཀོད་ལག་བསྟར་བྱེད་པར་སྐུལ་མ་བཏང་། ལག་རྩལ་གསར་གཏོད་དང་ལག་ལེན་བེད་སྤྱོད་ལ་སྐུལ་འདེད་བཏང་སྟེ། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་ཚུན། ཞིང་ཆེན་རིམ་པའི་ཚན་རྩལ་ཆེད་དོན་མ་དངུལ་གཅིག་གྱུར་འཆར་འགོད་བྱས་ནས་དག་གཙང་ནུས་ཁུངས་དང་ཐཱན་ཉུང་ཚུལ་སྒྱུར་འཕེལ་རྒྱས་ལ་ཕན་ནུས་ཆེ་བའི་སྒོ་ནས་སྐུལ་འདེད་བཏང་ཡོད། ལྗང་མདོག་ཁྲལ་བསྡུའི་སྲིད་ཇུས་ཀྱི་སྐུལ་སློང་ནུས་པ་འདོན་སྤེལ་བྱས་ཏེ། ཁྲལ་མང་པོ་མཉམ་སྐྱོང་དང་ཐབས་ཇུས་མང་པོ་སྡེབ་སྒྲིག་བྱས་པའི་ལྗང་མདོག་ཁྲལ་བསྡུའི་ནུས་པའི་བསྒྱུར་བཅོས་ལག་ལེན་བསྟར་བར་སྐུལ་འདེད་གཏོང་བ་དང་། བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་ཉི་འོད་ནུས་པ་དང་། རླུང་ནུས། ཆུ་ནུས་སོགས་དག་གཙང་ནུས་ཁུངས་གསར་སྤེལ་བེད་སྤྱོད་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཞིབ་ཕྲ་བྱེད་པར་སྐུལ་འདེད་བཏང་ནས། ནུབ་རྒྱུད་གསར་སྤེལ་ཆེན་པོའི་ཁེ་ལས་ཀྱི་ཐོབ་ཁྲལ་ཇེ་ཡང་དུ་གཏོང་བ་སོགས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད་ཞིང་ཆེན་ཡོངས་ཀྱི་དག་གཙང་ནུས་ཁུངས་གློག་འདོན་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།
ཏིང་འཛིན་མཚོ་མོས་བསྒྱུར།