ཟླ6པའི་ཚེས12ཉིན།གསར་འགོད་པས་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།ཉེ་ལམ།རང་ཞིང་གིས་ནོར་སྲིད་དང་སྦྲེལ་མཐུད་ཀྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་འམ་གྲངས་ཉུང་མི་རིགས་འཕེལ་རྒྱས་ལས་འགན་སྒོར་བྱེ་བ་དྲུག་དང་ས་ཡ་བརྒྱད་ཁྲི་ལྔ་གཤམ་འགྲེམ་བྱས། ན་ནིང་དང་བསྡུར་ན་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་ཁྲི་གཅིག་གིས་ཇེ་མང་དུ་སོང་ཡོད་ལ། ལོ་ཧྲིལ་བོར་ཁྱོན་སྡོམ་སྒོར་དུང་ཕྱུར་བཞི་དང་བྱེ་བ་ལྔ་འབུམ་བདུན་ཁྲི་དགུ་གཤམ་འགྲེམ་བྱས་ཡོད་པས། མ་དངུལ་གྱི་མང་ཉུང་གིས་ལོ་རྒྱུས་ཀྱི་ཟིན་ཐོ་སྐྲུན་ཡོད།
ནོར་སྲིད་པུའུ་ཡི་འབྲེལ་ཡོད་བརྡ་སྦྱོར་ལྟར་ན། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས《མཚོ་སྔོན་ཞིང་ཆེན་ནོར་སྲིད་དང་སྦྲེལ་མཐུད་ཀྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་ཁ་གསབ་མ་དངུལ་གྱི་དོ་དམ་བྱེད་ཐབས》 དང《དབུལ་ཐར་རྫོང་གི་ཞིང་འབྲེལ་མ་དངུལ་སྤྱི་འདོམས་བསྡུ་སྒྲིག་ཚོད་ལྟའི་སྲིད་ཇུས་དེ་རྒྱལ་ཁབ་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་དུ་ལེགས་སྒྱུར་དང་བཅོས་སྒྲིག་བྱས་པ་ལག་བསྟར་བྱེད་པའི་སྐོར་གྱི་བརྡ་སྦྱོར》སོགས་གཞིར་བཟུང་ནས་མ་དངུལ་བགོ་འགྲེམ་གྱི་རྒྱུ་རྐྱེན་བརྩི་ཐབས་དང་ཟུང་འབྲེལ་སྒོས། རྫོང་ཁག39(གྲོང་ཁྱེར། ཁུལ)ཡི་སྐོར་ཐེངས་གཉིས་པའི་མ་དངུལ་བགོ་འགྲེམ་འཆར་གཞི་བཟོས་པ་དང་། ཞིང་ཆེན་ནོར་སྲིད་ཐིན་གྱི་ཞིབ་བཤེར་ཆོག་མཆན་ཐོབ་རྗེས་མ་དངུལ་ཁག་ཅིག་རྫོང(གྲོང་ཁྱེར། ཁུལ)རིམ་པར་གཤམ་འགྲེམ་བྱས་ཡོད། ཐེངས་འདིའི་མ་དངུལ་གྱིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བར་ཕན་པའི་ལས་གཞི་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། གཙོ་བོ་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་དང་ཐུན་མོང་དེང་རབས་ཅན་གྱི་ཚོད་ལྟའི་གནས་འཛུགས་སྐྲུན། མི་རིགས་ལག་ཤེས་ལས་རིགས་ཀྱི་ཚོང་རྟགས་གསོ་སྐྱོང་དང་ཡར་སྐུལ་འགུལ་སྤྱོད། འཆམ་མཛེས་གྲོང་གསར་འཛུགས་སྐྲུན་འགུལ་སྤྱོད་སོགས་ཡིན། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་དང་ཁུལ་རྫོང་བཅས་ལ་མཛུབ་སྟོན་བྱས་ཏེ་ས་གནས་དངོས་ཡོད་གཞིར་བཟུང་ནས། ནན་ཏན་སྒོས་དམངས་ཀྱི་འཚོ་བ་དང་། མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བའི་ལས་གཞི་གདམ་གསེས་བྱེད་པ་དང་། ལས་གཞིའི་ཞིབ་བཤེར་ལ་ནན་ཏན་བྱས་ཏེ། རྨོངས་བའི་སྒོ་ནས་མ་དངུལ་གཏོང་བ་དང་། འཛུགས་སྐྲུན་བསྐྱར་ཟློས་བྱེད་པ། སྣང་བརྙན་དང་ཁ་ངོ་གཙོ་བོར་བྱེད་པའི་ལས་གཞི། ལྡོག་ཕྱོགས་གསལ་ཐོ་རུ་བཀོད་པའི་ནང་དོན་ཐད་དངུལ་གཏོང་བ་སོགས་གཏན་འགོག་བྱེད་དགོས། མ་དངུལ་ཡང་དག་ངང་བཀོལ་སྤྱོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་དང་ནུས་ཤུགས་ཡོད་རྒུས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དངོས་པའི་རྨང་གཞི་སྲ་བརྟན་གཏོང་བ་དང་། རིགས་སོ་སོའི་མི་རིགས་ཁག་ཐུན་མོང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།