ཟླ6པའི་ཚེས9ཉིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2024ལོའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་སྡེ་ཁག་གིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་པ་དང་། རིགས་སྣ་ཆེན་པོ་བཞིའི་ལྗང་མདོག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ང་གཅིག་ལག་བསྟར་གནད་ལ་འཁེལ་བ་བྱས་པ་བརྒྱུད་དེ། བྱེ་བྲག་གི་བྱེད་ཐབས་བཅུ་ཕྱིར་བཏོན་ནས། གློག་ཤུགས་མཁོ་འདོན་དང་ཐོན་སྐྱེད། ཆ་འཕྲིན་བརྒྱུད་གཏོང་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་ཁྲལ་གྲོན་ཇེ་ཉུང་དུ་གཏོང་བ་དང་མེད་པར་བཟོ་བ། ཕྱིར་སྤྲོད་བྱས་པ་དང་། རང་ཞིང་གི་ལྗང་མདོག་རྩིས་ནུས་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།
ཁྲལ་བསྡུ་གཞི་གྲངས་ལས་མངོན་པར་ལྟར་ན། སྲིད་ཇུས་ཀྱི་ཕན་ནུས་འོག རང་ཞིང་གི་ལྗང་གློག་དང་ལྗང་རྩིས་ཁེ་ལས་ཀྱི་གྲངས་ཀ་མྱུར་དུ་ཇེ་མང་དུ་སོང་བ་དང་། གྲུབ་ཚུལ་རྒྱུན་མཐུད་ངང་ལེགས་བསྒྱུར་བྱས་ལ། མཉམ་སྡེབ་འཕེལ་རྒྱས་ཀྱི་མ་དཔེ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་། དེའི་ཁྲོད། ལྗང་རྩིས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་སོང་བ་དང་། ཟླ4པའི་ཟླ་མཇུག་བར་དུ། ཞིང་ཆེན་ཡོངས་ཀྱི་རྩིས་ནུས་ཐོན་ལས་ཕྲེང་འབྲེལ་གྱི་ཁེ་ལས7171ལ་སླེབས་པ་དང་། 2024ལོའི་ཚུན་དུ་ཁེ་ལས1474ཇེ་མང་དུ་སོང་ལ། དེ2023ལོ་དང་བསྡུར་ན་བརྒྱ་ཆའི་བརྒྱད་ཅུ་ཇེ་མང་དུ་སོང་ཡོད།
ལྗང་གློག་ཐོན་ལས་བབ་བསྟུན་ཡར་འཕེལ་བྱུང་། 2024ལོའི་ཚུན་དུ། འབྲེལ་ཡོད་ཐོན་ལས་ཕྲེང་འབྲེལ་ཁེ་ལས་ཀྱང་འཕར་སྣོན་མངོན་གསལ་བྱུང་བ་དང་། སྟོད་རྒྱུད་ཀྱི་ཉི་འོད་ནུས་པའི་སྒྲིག་ཆས་བཟོ་སྐྲུན་དང་ཆུ་གློག་བཟོ་སྐྲུན་སོགས་ཁེ་ལས143ཇེ་མང་དུ་སོང་ལ། དེ2023ལོ་དང་བསྡུར་ན་ཧ་ལམ་བརྒྱ་ཆའི་དགུ་བཅུ་ཇེ་མང་དུ་སོང་། དབུས་རྒྱུད་ཀྱི་ཆུ་རླུང་ཉི་འོད་ཀྱི་གློག་འདོན་ཁེ་ལས115ཇེ་མང་དུ་སོང་བ་དང་། དེ2023ལོ་དང་བསྡུར་ན་བརྒྱ་ཆའི་བརྒྱ་དང་སུམ་ཅུ་ཇེ་མང་དུ་སོང་ལ། སྨད་རྒྱུད་ཀྱི་གློག་ཤུགས་མཁོ་འདོན་དང་ལག་རྩལ་ཞབས་ཞུ་སོགས་ཁེ་ལས64ཇེ་མང་དུ་སོང་བ་དང་། དེ2023ལོ་དང་བསྡུར་ན་ཧ་ལམ་བརྒྱ་ཆའི་བདུན་ཅུ་འཕར་སྣོན་བྱུང་ནས། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱིས་དག་གཙང་ནུས་ཁུངས་གློག་འདོན་ཁེ་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་།
རིན་ཆེན་མཚོས་བསྒྱུར།