མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་འབྲེལ་བའི་མཐུན་སྦྱོར་མཁན་གྱི་ལས་རིགས་རྩལ་ནུས་འགྲན་སྡུར་ཆེན་མོ་ཐོག་མ་འཚོགས།
2025.06.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ5པའི་ཚེས23ཉིན་ནས་ཟླ6པའི་ཚེས11ཉིན་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་ངལ་རྩོལ་འབྲེལ་བའི་མཐུན་སྦྱོར་མཁན་གྱི་ལས་རིགས་རྩལ་ནུས་འགྲན་སྡུར་ཆེན་མོའི་འདེམས་གསེས་འགྲན་སྡུར་ཐོག་མ་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ་དང་། ཞིང་ཆེན་ཡོངས་ཀྱི་རུ་ཁག9ཡི་བདམས་ཐོན་པ60ལྷག་ཐེངས་འདིའི་འགྲན་སྡུར་ལ་ཞུགས། འགྲན་སྡུར་ཆེན་མོས“ཉམས་འགྱུར་མངོན་པ་དང་ས་མཐོའི་གཟི་མདངས་སྟོན་པ། ལས་ཞུགས་བརྟན་གཏོང་། འཆམ་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བརྗོད་དོན་ལ་དམིགས་ཏེ། འགྲན་སྡུར་ལ་བརྟེན་ནས་སྦྱོང་བརྡར་ལ་སྐུལ་འདེད་གཏོང་བ་དང་སྦྱོང་བརྡར་ལ་བརྟེན་ནས་སྤུས་ཚད་མཐོ་རུ་བཏང་སྟེ། རྒྱ་ཆེའི་ངལ་རྩོལ་འབྲེལ་བའི་མཐུན་སྦྱོར་མཁན་རྣམས་ལ་གར་སྟེགས་གཅིག་གི་སྟེང་ནས་འགྲན་སྡུར་བྱེད་པ་དང་ཕན་ཚུན་བར་བསམ་བློ་བརྗེ་རེས་བྱེད་པ། ཆེད་ལས་རྩལ་ནུས་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་བཅས་ཀྱི་སྟེགས་བུ་མཁོ་འདོན་བྱས།

འགྲན་སྡུར་ཆེན་མོས“གཞུང་ལུགས་དང་ལག་ལེན།“ལག་རྩལ་དང་ཡུལ་དངོས”ཟུང་སྦྲེལ་གྱི་འགྲན་སྡུར་རྣམ་པ་སྤྱད་དེ། དཔྱད་ཞིབ་དཔེ་དབྱིབས་གསུམ་བཀོད་སྒྲིག་བྱས་ནས། ངལ་རྩོལ་གན་རྒྱ་དང་ཐུན་མོང་ངལ་རྩོལ་གན་རྒྱའི་ནོར་འཁྲུལ་ཡོ་བསྲང་དང་གཞུང་ཡིག་སྒྲིག་གཞིའི་རྩོམ་འབྲི། PPTའགྲེམས་སྟོན། གནས་ཚུལ་ལད་ཟློས་སོགས་དོན་དངོས་དང་ཐག་ཉེ་བའི་འགྲན་སྡུར་རྣམ་གྲངས་ནང་འདྲེན་བྱས་ནས། འགྲན་ཞུགས་པས་རྙོག་འཛིང་ཆེ་བའི་ངལ་རྩོལ་འབྲེལ་བའི་གནད་དོན་ཐག་གཅོད་བྱེད་པའི་ནུས་པར་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱས། འགྲན་རྩོད་ཆེ་བའི་འགྲན་སྡུར་ཐེངས་གསུམ་བརྒྱུད་མཐར་འགྲན་ཞུགས་པ14ལ་གསེར་དང་དངུལ།  ཟངས་བཅས་ཀྱི་རྟགས་མ་བྱིན་པ་དང་། འགྲན་ཞུགས་པ་རྩེ་གྲ་གསུམ་གྱིས་རང་རེའི་ཞིང་ཆེན་གྱི་ཚབ་བྱས་ནས་རྒྱལ་ཡོངས་ལས་རིགས་རྩལ་ནུས་འགྲན་སྡུར་ཆེན་མོ་སྐབས་གསུམ་པའི་ནང་ཞུགས་རྒྱུ་རེད། ད་ཐེངས་ཀྱི་འགྲན་སྡུར་ཆེན་མོ་ནི་རང་རེའི་ཞིང་ཆེན་གྱིས་ཐེངས་དང་པོར་སྤེལ་བའི་ངལ་རྩོལ་འབྲེལ་བའི་མཐུན་སྦྱོར་མཁན་གྱི་ཆེད་ལས་འགྲན་སྡུར་ཞིག་ཡིན་ཞིང་། དེས་རང་རེའི་ཞིང་ཆེན་གྱི་ངལ་རྩོལ་འབྲེལ་བའི་མཐུན་སྦྱོར་ཁྱབ་ཁོངས་ཀྱི་ཆེད་ལས་ཆུ་ཚད་མངོན་པ་དང་། ཞིང་ཆེན་གྱི་ངལ་རྩོལ་འབྲེལ་བའི་རྩལ་ནུས་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།