མཚོ་སྔོན་ཞིང་ཆེན་གྱིས2025ལོའི་ཁྲིམས་འགལ་དངུལ་རྩའི་འགོག་སྲུང་དྲིལ་བསྒྲགས་བྱ་འགུལ་སྤེལ།
2025.06.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས15ཉིན། ཞིང་ཆེན་ཏང་ཨུའི་དངུལ་རྩའི་གཞུང་ལས་ཁང་དང་། གྲོང་ཁྱེང་ཏང་ཨུའི་དངུལ་རྩའི་གཞུང་ལས་ཁང་། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ནོར་སྲིད་ཅུའུ་བཅས་ཀྱིས་གཙོ་སྒྲུབ་བྱས་པའི2025ལོའི་ཁྲིམས་འགལ་དངུལ་རྩའི་འགོག་སྲུང་དྲིལ་བསྒྲགས་བྱ་འགུལ་ཟི་ལིང་གྲོང་ཁྱེར་དཀྱིལ་སྙིང་ཐང་ཆེན་དུ་སྤེལ།

ཐེངས་འདིའི་བྱ་འགུལ་གྱི་བརྗོད་གཞི་ནི”དངུལ་ཁུག་དམ་པོར་བསྲུང་།།  བདེ་སྐྱིད་ཁྱིམ་གཞིང་སྐྱོང་།།”ཞེས་པ་དེ་ཡིན་ལ།  བྱ་འགུལ་གྱི་ཡུལ་དངོས་སུ་ཞིང་ཆེན་དང་གྲོང་ཁྱེར། ས་ཁུལ་བཅས་རིམ་པ་གསུམ་གྱིས་མཉམ་འབྲེལ་སྒོས་ཞིང་ཆེན་ཏང་ཨུའི་དངུལ་རྩའི་གཞུང་ལས་ཁང་དང་ཞིང་ཆེན་ཏང་ཨུའི་སྤྱི་བདེ་ཐིན། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དང་དོ་དམ་ཅུའུ་སོགས་རིམ་པ་སོ་སོའི་ཁྲིམས་འགལ་འགོག་སྲུང་རྡུང་རྡེག་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་ཞུགས་ལས་ཁུངས་དང་དངུལ་རྩའི་ལས་ཁུངས60ལྷག་གིས་འགྲེམ་སྟོན་པང་ལེབ་སྒྲིག་པ་དང་།  བརྡ་ཡིག་སྦྱོར་བ།  འཕྲེད་ཡིག་འགེལ་བ།  ཡིག་ཆ་འགྲེམ་པ་དང་ཁྲིམས་ལུགས་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་རྣམ་པས།  ཁྲིམས་འགལ་དང་འབྲེལ་བ་ཡོད་པའི་ཉེན་བརྡ་གཏོང་བ་དང་ཁྲིམས་ལུགས་སྲིད་ཇུས་ལ་འགྲེལ་བཤད།  དཔེ་མཚོན་གྱོད་གཞིའི་དབྱེ་ཞིབ།  ཉེན་ཡོད་དངུལ་གཏོང་གི་སློབ་གསོ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས།  ཁྲིམས་འགལ་དངུལ་རྩའི་བྱ་འགུལ་གྱི་འབྲེལ་ཡོད་ཁྲིམས་ལུགས་ཤེས་བྱ་ཁྱབ་བརྡལ་གཏོང་བ་དང་།  སྤྱི་དམངས་ཀྱིས་ཁྲིམས་འགལ་དངུལ་རྩའི་བྱ་འགུལ་གྱི་ཉེན་ཁ་དང་གནོད་སྐྱོན་ངེས་ཟིན་པ་དང་།  ཁྲིམས་འགལ་དངུལ་བསྡུའི་འགོག་སྲུང་ནུས་པ་མཐོར་འདེགས་གཏོང་བ།  རང་ཉིད་ཀྱི་དངུལ་ཁུག་དམ་པོར་སྲུང་བར་སྣེ་ཁྲིད་བྱས།

ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ས་ཁུལ་གྱི་སྡོད་དམངས་ཞེའེ་ཡོང་ཧོང་གིས་གསར་འགོད་པར་བཤད་རྒྱུར།  “དེ་རིང་གི་དྲིལ་བསྒྲགས་བྱ་འགུལ་བརྒྱུད་ནས།  རྒྱུན་མཐོང་གི་མགོ་གཡོག་མགོ་སྐོར་བྱེད་ཐབས་དང་ཁྲིམས་འགལ་དངུལ་རྩའི་བྱ་འགུལ་ལ་རྒྱུས་ལོན་བྱུང་བ་དང་།  རྗེས་ཕྱོགས་དོག་ཟོན་ཆེར་བསྐྱེད་དང་མགོ་གཡོག་མགོ་སྐོར་གྱི་འགོག་སྲུང་འདུ་ཤེས་མཐོར་འདེགས་བྱས་ནས་རང་ཉིད་ཀྱི་སྒོར་ཁུག་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན”ཟེར།

ཞིང་ཆེན་ཏང་ཨུའི་དངུལ་རྩའི་གཞུང་ལས་ཁང་གི་ས་གནས་དངུལ་རྩ་བརྟན་སྲུང་ཁྲུའུ་ཡི་ཁྲུའུ་ཀྲང་ཝང་ཧྲིན་གྱིས་བཤད་རྒྱུར། “དེ་རིང་སྤེལ་བའི་ཁྲིམས་འགལ་དངུལ་རྩའི་འགོག་སྲུང་དང་དྲིལ་བསྒྲགས་ཉིན་མོའི་བྱ་འགུལ་དུ།  ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་མངོན་ཡོད་ལ།  ང་ཚོས་སྔོན་འགོག་གཙོ་བོར་བྱེད་པ་དང་དོན་ཆུང་ནས་འགོ་རྩོམ་པ་དང་སྔ་མོ་ནས་འགོག་སྲུང་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།  ཐོག་མཐའ་བར་གསུམ་དུ་དྲིལ་བསྒྲགས་སློབ་གསོ་གཙོ་གནད་དུ་བཟུང་ནས།  ཁྲིམས་འགལ་དངུལ་རྩའི་འགོག་སྲུང་བྱ་འགུལ་གྱི་དྲིལ་བསྒྲགས་ནུས་པ་ཆེ་བསྐྱེད་བྱེད་པ་དང་།  ཡང་དག་པ་དང་གོ་སླ་བའི་སྒོ་ནས་ཁྲིམས་འགལ་དངུལ་རྩའི་བྱ་འགུལ་གྱི་རྟགས་མཚན་གསལ་སྟོན་བྱེད་པ།  སྤྱི་དམངས་ཀྱི་ཁྲིམས་འགལ་དངུལ་རྩའི་བྱ་འགུལ་གྱི་འགོག་སྲུང་འདུ་ཤེས་དང་ནུས་པ་མཐོར་འདེགས་གཏོང་བ།  ཁྲིམས་འགལ་ལ་འགོག་སྲུང་དང་རྒོལ་ལན་སྤྲོད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་བོ་བསྐྲུན་པ་བཅས་བྱས་ཡོད།”ཟེར།

རྒྱུས་ལོན་བྱུང་བ་ལྟར་ན།  དྲིལ་བསྒྲགས་ཟླ་བའི་ནང་དུ་ལས་ཁུངས་དང་བཟོ་གྲྭ།  སློབ་གྲྭ།  ཁྱིམ་ཚང་།  སྡེ་ཁུལ།  གྲོང་སྡེ་སོགས“བསྐྱོད་པ་བདུན”གྱི་བྱ་འགུལ་རྒྱུན་མཐུད་ངང་སྤེལ་བ་དང་།  མང་ཚོགས་ཀྱི་ཉེ་འགྲམ་དུ་བསྐྱོད་པ་དང་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་པ་གཙོ་བོར་བཟུང་ནས།  ཁྲིམ་འགལ་དངུལ་བསྡུའི་རྟགས་མཚན་དང་རྒྱུན་མཐོང་གི་བྱེད་ཐབས་དྲིལ་བསྒྲགས་བྱེད་པ་དང་ཁྲིམས་འགལ་དངུལ་བསྡུའི་དཔེ་མཚོན་གྱོད་གཞི་གཞིར་བཟུང་སྟེ།  སྤྱི་དམངས་ཀྱི་འགོག་སྲུང་འདུ་ཤེས་ཆེར་བསྐྱེད་བྱེད་པ་དང་ཡང་དག་པའི་དངུལ་གཏོང་ལྟ་བ་འཛུགས་པ།  རང་རྟོགས་སྒོས་ཁྲིམས་འགལ་དངུལ་བསྡུ་ལ་འགོག་སྲུང་དང་གཏན་འགོག་བྱེད་པར་སྣེ་ཁྲིད་བྱས་ཡོད།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།