མཚོ་སྔོན་གྱི་ཁུ་ནུའི་རིག་གནས་ཀྱི་རིག་ཚན་མང་པོའི་ཕྱོགས་བསྡུས་ཚན་བཤེར་འགོ་བརྩམས། 
2025.06.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས15ཉིན། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གིས་ཆུ་བོའི་འགོ་ཁུངས་ཀྱི་ཁུ་ནུར་སྙེག་པའི་ཁུ་ནུའི་རིག་གནས་ཀྱི་རིག་ཚན་མང་པོའི་ཕྱོགས་བསྡུས་ཚན་བཤེར་བྱེད་སྒོ་ཟི་ལིང་དུ་སྤེལ་འགོ་བརྩམས། འདི་ནི་མཚོ་སྔོན་གྱིས་ཐོག་དང་པོར་མི་གཞུང་སྤྱི་ཚོགས་ཚན་རིག་བརྗོད་གཞིར་བྱས་ནས་སྤེལ་བའི་ཁུ་ནུའི་རིག་གནས་ཀྱི་རིག་ཚན་མང་པོའི་ཕྱོགས་བསྡུས་ཚན་བཤེར་བྱེད་སྒོ་རེད། 

ཐེངས་འདིའི་ཚན་བཤེར་བྱེད་སྒོར་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི2025ལོའི་ལོ་མགོར་གཏན་འཁེལ་བྱས་པའི་ཆེད་དོན་ལས་གཞི་གལ་ཆེན་ཁུ་ནུའི་རིག་གནས་ཀྱི་རིག་ཚན་མང་པོའི་ཕྱོགས་བསྡུས་རྟོག་ཞིབ་ཞིབ་འཇུག་ལ་དམིགས་ནས་རྩ་འཛུགས་ལག་བསྟར་བྱས་པ་དང་། དུས་ཡུན་ཉིན་བཅུ་གཅིག་རེད། ཚན་བཤེར་དཔུང་ཁག་དེ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་དང་། ཀྲུང་གོའི་ཚན་རིག་ཁང་། ཆིན་ཧྭ་སློབ་ཆེན། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་སོགས་ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་གྲགས་ཅན་གྱིས་གྲུབ་པ་དང་། གནའ་རྫས་རྟོག་ཞིབ་རིག་པ་དང་ལོ་རྒྱུས་རིག་པ། ས་ཁམས་རིག་པ། མིའི་རིགས་རིག་པ། གནའ་ཡིག་རིག་པ། དམངས་སྲོལ་རིག་པ་སོགས་རིག་ཚན་མང་པོའི་བྱེད་ཐབས་སྤྱད་ནས། མཚོ་སྔོན་པོའི་བྱང་འགྲམ་དང་ཚྭ་འདམ་གཤོངས་ས། ཁུ་ནུའི་རི་བོ་དང་རྨ་ཆུའི་འགོ་ཁུངས་ས་ཁུལ་བཅས་སུ་རྟོག་ཞིབ་བྱས། ཆེད་མཁས་པ་རྣམས་ཀྱིས་ཚན་རིག་དང་མཐུན་ཞིང་གཟབ་ནན་སྒོས་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། མ་ལག་ལྡན་པའི་སྒོ་ནས་ཁུ་ནུ་རིག་གནས་ཀྱི་རྒྱུ་རྐྱེན་དང་མཚོན་རྟགས་གསེད་བཀྲོལ་བྱས་ལ། མཚོ་སྔོན་གྱི་སྣ་མང་གཞི་གཅིག་ཅན་གྱི་ཀྲུང་ཧྭ་རིག་གནས་ལོ་རྒྱུས་ཀྱི་གནས་ཚུལ་འགྲེལ་བཤད་བྱས་ཏེ། རི་ཆུའི་འགོ་ཁུངས། རབ་མཛེས་མཚོ་སྔོན་གྱི་རིག་གནས་ཉམས་སྣང་དང་སྣང་བརྙན་དྲིལ་སྒྲོག་འོས་སྦྱོར་བྱས།

ཁུ་ནུའི་རིག་གནས་ནི་ཀྲུང་ཧྭའི་དཔལ་ཡོན་འགོ་ཁུངས་ཀྱི་གྲས་ཡིན་ལ། མཚོ་སྔོན་ལ་རི་ཆུའི་འགོ་ཁུངས་ཀྱི་མཚན་སྙན་ཡོད་པས། ས་ཁམས་ཁུ་ནུའི་ཐེག་གནས་གཙོ་བོ་དང་ལྷ་སྒྲུང་ཁུ་ནུའི་རྒྱུན་འཛིན་བྱེད་ས། རིག་གནས་ཁུ་ནུའི་མཉམ་འདྲེས་གསར་གཏོད་བྱེད་ས་བཅས་ཡིན་ཞིང་། ཁུ་ནུ་རི་བོ་དང་རྨ་ཆུའི་འགོ་ཁུངས་སོགས་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཐོན་ཁུངས་ཡོད། ཐེངས་འདིའི་ཚན་བཤེར་བྱེད་སྒོར་མཚོ་སྔོན་གྱི་ཕུན་སུམ་ཚོགས་པའི་ཁུ་ནུའི་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་བྱེད་པ་དང་། ཁུ་ནུའི་རིག་གནས་ཀྱི་གཞུང་ལུགས་ལ་ཞིབ་འཇུག་ཟབ་མོ་བྱེད་ཅིང་། རིག་གནས་ཐོན་ཁུངས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པར་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་དོན་སྙིང་གལ་ཆེན་ལྡན། 

ལྷ་མོ་འཚོས་བསྒྱུར།