ཟླ6པའི་ཚེས11ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ། གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་གྲོང་ཚོའི་ལས་དོན་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས་པར་མ་ཟད། ཐོན་ལས་དར་སྤེལ་ལ་དམ་པོར་དམིགས་ཏེ་འབྲོག་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ཐད་ནས་ཆེད་དོན་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་གིས་སྔ་རྗེས་སུ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་རྐ་ཆུ་གྲོང་ཚོའི་སྔོ་རྩྭ་ནོར་ལུག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དང་། ཅིན་ཧྲན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་། ཧྲན་ཏུང་གིས་རོགས་སྐྱོར་བྱེད་ཀྱིན་པའི་སྐྱེ་ཁམས་གཟན་ཆས་ཚད་ཡོད་ཀུང་ཟི། མཐོ་སྒང་རྣམ་པའི་འབྲོག་ལུག་རྒྱུད་བཟང་གསོ་སྤེལ་རྟེན་གཞི། མཚོ་འཁྱིལ་ཡུལ་ཚོ་ཉིང་ཞ་གྲོང་ཚོའི་འབྲོག་ལུག་གསོ་སྤེལ་རྟེན་གཞི་སོགས་སུ་ཡུལ་དངོས་ནས་ལྟ་ཞིབ་བྱས་པར་མ་ཟད། བརྗེ་རེས་དང་གྲོས་བསྡུར་བྱས་པ་བརྒྱུད། རྒྱུད་བཟང་ཁྱབ་གདལ་གཏོང་བ་དང་གཟན་ཆས་མཁོ་སྤྲོད་བྱེད་པ། རིམས་ནད་ཚོད་འཛིན་འགོག་སྲུང་། ཁྲོམ་རའི་ཕྱིར་ཚོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། གྲོང་གསེབ་དར་སྤེལ་གྱི་གནད་འགག་ནི་ཐོན་ལས་དར་རྒྱས་ལ་ཐུག་ཡོད། འབྲོག་ལས་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་ཞུ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི། འབྲོག་ཁྱིམ་གྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་དར་སྤེལ་མངོན་འགྱུར་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དངོས་པོའི་རིགས་ཀྱི་ཐོན་ཁུངས་ལ་བརྟེན་ནས། སོན་བཟང་རྒྱུད་སྤེལ་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། སོན་བཟང་གི་ཁྱབ་ཚད་དམའ་བ་དང་ཁྱབ་སྤེལ་དལ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། མཚོ་སྔོན་མཐོ་སྒང་གི་གྲང་ངར་ཆེ་བའི་གནམ་གཤིས་ཀྱི་ཁྱད་ཆོས་ལ་དམིགས་ཏེ། ཐོན་ཚད་མཐོན་པོ་ཅན་དང་སྤུས་ལེགས་ཅན་གྱི་གཟན་རྩྭའི་རིགས་གསོ་སྐྱོང་བྱེད་པར་རོགས་སྐྱོར་བྱས་ཏེ།“སོན་བཟང་རྒྱུད་སྤེལ་དང་ཚད་ལྡན་ཅན་གྱི་འདེབས་འཛུགས། འཕྲུལ་ཆས་ཅན་གྱི་བརྔ་བསྡུ། ཚོང་ཟོག་ཅན་གྱི་ལས་སྣོན”བཅས་ཀྱི་འབྲེལ་ལམ་ཧྲིལ་པོ་བཙུགས་ནས། གཟན་རྩྭ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། གཟན་ཆས་ཐོན་སྐྱེད་དང་གསོ་སྤེལ་དོ་དམ་ནས་ཐོན་རྫས་ལས་སྣོན་བར་གྱི་བརྒྱུད་རིམ་ཧྲིལ་པོའི་ཚད་ལྡན་ཅན་གྱི་མ་ལག་བཙུགས་ནས། ཟས་རིགས་བདེ་འཇགས་ཀྱི་འགོག་སྲུང་ལམ་ཐིག་བརྟན་པོ་བཙུགས་ཏེ། ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། “མཉམ་ལས་ཁང་དང་ཁེ་ལས། འབྲོག་ཁྱིམ་བཅས་ཀྱི་རྣམ་པར་བརྟེན་ནས། ཁེ་ཕན་འབྲེལ་མཐུད་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་སྟེ། འབྲོག་པ་རྣམས་ཀྱི་ཡོང་འབབ་འཕར་སྣོན་ཐབས་ལམ་རྒྱ་སྐྱེད་གཏོང་དགོས། རྐང་ཚ་རྫོང་གི་སྐྱེ་ཁམས་ལེགས་ཆ་གཞིར་བཟུང་ནས། “མཐོ་སྒང་དང་ལྷད་མེད། སྐྱེ་ལྡན་བཅས་ཀྱི་སྲོག་ཤིང་རིན་ཐང་སྔོག་འདོན་བྱས་ཏེ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་གྲགས་ཅན་བསྐྲུན་ནས། “ནོར་གནག”དང“བོད་ལུག”སོགས་སྤུས་ལེགས་ཕྱུགས་རིགས་ཀྱི་རིན་གོང་ཅུང་མཐོན་པོའི་སྒོ་ནས་བཙོང་ནས་རྒྱལ་ཡོངས་ཀྱི་ཚོང་རར་ཁ་ཕྱོགས་ཐུབ་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།