ཟླ6པའི་ཚེས16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་བརྗོད་གཞིར་བྱས་པའི་ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་ཀྱི་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྐབས་ཉེར་དྲུག་པར་འགྲེམ་སྟོན་ཚོགས་ར་གསར་བ་དང་། ལག་རྩལ་དང་བྱེད་ཐབས་གསར་བ། ཉམས་ལེན་བགྲོད་ལམ་གསར་བ། འཕེལ་རྒྱས་གོ་སྐབས་གསར་བ་སོགས་གསར་བ་བཞིའི་ཁྱད་ཆོས་མངོན་པར་བྱེད་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཚོང་གཏམ་གྲོས་ཚོགས་ཀྱིས་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་འགྲེམ་ཁང་གསར་བ་སྤྱོད་རྒྱུ་ཡིན་ལ། དེའི་རྒྱ་ཁྱོན་འགྲེམ་ཁང་རྙིང་བའི་ལྡབ་གཉིས་ལྷག་ཡིན་ཞིང་། ཀ་གདུང་མེད་ལ་བརྒལ་ཚད་ཆེ་བའི་ལྕགས་སྒྲོམ་བརྩེགས་མའི་སྒྲིག་གཞི་སྤྱད་དེ། བརྩེགས་རིམ་ཀྱི་ཆེས་མཐོ་བའི་ཚད་སྨི་ཉེར་གསུམ་ལ་སླེབས། སྒེར་ཚུགས་རྣམ་པའི་གློག་དྲའི་ཆེད་སྐུད་ཇུས་འགོད་དང་རིག་ནུས་ཅན་གྱི་སྒྲིག་ཆས་སྡེབ་སྒྲིག་གིས་འགྲེམ་ཁུལ་གྱི་སྤུས་ཚད་དང་ཚད་རིམ་ནུས་ལྡན་སྒོས་མཐོར་འདེགས་བཏང་ཞིང་། སྤུས་ལེགས་ཀྱི་སྲ་ཆས་སྒྲིག་བཀོད་དང་ཞབས་ཞུའི་ཚད་གཞིས་འགྲེམ་སྟོན་འཚོགས་པར་འགྲེམ་སྟོན་བར་སྟོང་དང་སྟབས་བདེའི་ཆ་རྐྱེན་མང་པོ་འདོན་སྤྲོད་བྱས། VRམཉམ་འགུལ་དང་། རིག་ནུས་ཁྲིད་བཤེར། ལངས་གཟུགས་བརྙན་རིས་སོགས་ལག་རྩལ་དང་བྱེད་ཐབས་གསར་བ་སྤྱད་དེ། ལངས་གཟུགས་རྣམ་པས་འགྲེམ་སྟོན་གྱི་གྲུབ་འབྲས་མངོན་པར་བྱེད་པ་དང་། སྣ་མང་ཅན་གྱིས་ལྟ་ཉན་ཉམས་ལེན་ཕུན་སུམ་ཚོགས་པར་བཏང་ནས། འགྲེམ་ཚོགས་ཀྱི་ཚན་རིག་གི་ཉམས་སྣང་དང་། མ་འོངས་པའི་ཚོར་སྣང་། རིམ་འདེགས་ཚོར་སྣང་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་རྒྱུ་རེད། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་སྟེགས་བུ་བརྒྱུད་དེ་བརྒྱུད་རིམ་ཧྲིལ་བོའི་གཞི་གྲངས་མཉམ་མཐུད་མངོན་འགྱུར་བྱེད་པ་དང་། ཡུལ་དངོས་རྣམ་པའི་ཉམས་ལེན་དང་དྲ་ཐོག་གི་ཉོ་ཚོང་མཉམ་འབྲེལ་གྱི་བརྒྱུད་ལམ་ཟུང་གི་རྣམ་པ་གསར་བ་བསྐྲུན་ནས། འགྲེམ་ཚོང་དང་ཉོ་བསྡུ་ཚོང་བ་གནད་འཁེལ་སྦྲེལ་མཐུད་ཀྱི་ནུས་པ་ཇེ་ཆེར་གཏོང་རྒྱུ་རེད།
དེ་དང་མཉམ་དུ། མཚོ་སྔོན་གྱིས་སྒོ་འབྱེད་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྱར་བསྐྲུན་བྱེད་པའི་རྒྱབ་ལྗོངས་འོག ཞིང་ཆེན་གྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་མཉམ་སྐྲུན་བྱེད་པར་གཞོགས་འདེགས་བྱེད་པ་དང་། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་། དག་གཙང་ནུས་ཁུངས། སྐྱེ་ཁམས་ཡུལ་སྐོར། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ལས་རིགས། ལྗང་མདོག་རྩིས་ནུས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་གསར་བར་བརྟེན་ནས། རྒྱལ་ཁབ་ཕྱི་ནང་གི་ཚོང་མགྲོན་མཚོ་སྔོན་དུ་ཡོང་ནས་དངུལ་གཏོང་ལས་དར་བྱེད་པར་གདན་ཞུ་བྱས་ཏེ། སྐྱེ་ཁམས་དང་དཔལ་འབྱོར་མཉམ་དུ་འཕེལ་རྒྱས་འགྲོ་བའི་རི་མོ་གསར་བ་མཉམ་དུ་འབྲི་རྒྱུ་རེད།
ལྷ་མོ་འཚོས་བསྒྱུར།