མགོ་ལོག་ཁུལ་གྱིས་རྒྱལ་དོན་གྱི་ཆེ་ཕྱོགས་ལ་དམིགས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
2025.06.17 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མུ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཆེད་ཚོགས་ཟི་ལིང་དུ་བསྡུས་ཏེ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། དམངས་ཚིས་བདེ་སྐྱིད་ཇེ་མང་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན། དག་གཙང་ནུས་ཁུངས་འཛུགས་སྐྲུན། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་སྒྲིག་བཟོ་སོགས་ཕྱོགས་ནས་མངོན་གསལ་གྱི་གྲུབ་འབྲས་བླངས་པ་གཅིག་སྡུས་སྒོས་ཁྱབ་བསྒྲགས་བྱས།

ཉེ་བའི་ལོ་འདི་འགར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་འགན་འཁྲི་དང་ཁག་ཁུར་མཐའ་གཅིག་ཏུ་ཕྲག་ཏུ་བླངས་ཏེ། བློ་བརྟན་འགྱུར་མེད་སྒོས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་མཁན་ལེགས་པོ་ཞིག་བྱས་ཡོད། སྐྱེ་ཁམས་ཁོར་ཡུག་ལམ་ལུགས་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཁུལ་ཡོངས་ཀྱི་འབྲོག་དམངས10717གྱིས་འབྲོག་ལས་བསྐྱུར་ནས་སྐྱེ་ཁམས་ལ་བརྟེན་པའི་འཚོ་བ་རོལ་ཡོད། མཚོ་སྐྱེ་རེངས་དང་མཚོ་སྔོ་རེངས་གཉིས་ཀྱི་མཚོ་ངོས་རྒྱ་ཁྱོན་སོ་སོར་སྤྱི་ལེ་གྲུ་བཞི་མ74.6དང་སྤྱི་ལེ་གྲུབ་བཞི་མ117.4ཇེ་ཆེར་སོང་ཞིང་། ཁུལ་ཁོངས་ཡོངས་ཀྱི་བརླན་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ104ཇེ་ཆེར་སོང་། མཚེའུ་སྟོང་གི་ཕ་སར་འབོད་པའི་རྨ་སྟོད་རྫོང་གི་མཚེའུ་ཁ་གྲངས5496ལ་ཇེ་མང་དུ་སོང་ནས། མཚེའུ་མང་པོ་སྐར་ཚོགས་ཐང་མར་བརྡལ་ནས་སྐར་འོད་ལམ་ལམ་བྱེད་པའི་མཛེས་ལྗོངས་ཉམས་དགའ་བ་ཞིག་ཏུ་གྱུར་འདུག

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཕྱུགས་ཐོན་ལས་དང་། ལས་གཞིའི་དངུལ་གཏོང་། འཛད་སྤྱོད་ཁྲོམ་ར། ནོར་ཁྲལ་དངུལ་རྩ། ཚོང་གཉེར་ཁོར་ཡུག བརྟན་འཇགས་ལས་ཞུགས་སོགས་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་བཏང་ནས། དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་རྣམ་པ་ལེགས་པོ་ཞིག་མངོན་ཡོད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཏིས་སིན་གྱིས་བཤད་རྒྱུར། ས་ཁམས་གནས་སྟངས་ཀྱི་བཀག་རྒྱ་དང་། རང་བྱུང་ཆ་རྐྱེན། ཐོན་ལས་རྨང་གཞི་ལྟོས་བཅས་ཀྱིས་ཞན་པའི་སྣང་ཚུལ་ཞིག་མངོན་ཡོད་ཀྱང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་ནན་མོ་གཏོང་བ་དང་། འཐབ་ཇུས་ས་ཁུལ་གྱི་བྱེད་ནུས་ཇེ་མཐོར་གཏོང་རྒྱུ་ཡིན་ལ། ལྗང་མདོག་ཚུལ་སྒྱུར་རིམ་སྤོར་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བ། སྐྱེ་ཁམས་འགན་འཁྲིའི་རིན་ཐང་མངོན་གསལ་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་མ་ཟད། ལས་གཞིའི་དངུལ་གཏོང་གི་སྒུལ་ནུས་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། གསོག་གྲངས་འགན་ལེན་དང་སྦས་ཤུགས་སྔོག་འདོན། འཕར་གྲངས་འཚོལ་ཞིབ་སོགས་ཀྱི་སྟེང་ཤུགས་བཏོན་ནས། སྲིད་ཇུས་ཀྱི་དགེ་མཚན་འཕེལ་རྒྱས་ཀྱི་སྟོབས་ཤུགས་སུ་བསྒྱུར་དགོས་ཟེར།

རིག་འཛིན་སྒྲོལ་མས་བསྒྱུར།