ཟླ6པའི་ཚེས11ཉིན་ནས་ཚེས12ཉིན་བར་དུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟས་རིགས་བདེ་འཇགས་བཅའ་ཁྲིམས》ལྟར་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ཡུལ་དངོས་ཞིབ་བཤེར་བྱས།
ཞིབ་བཤེར་ཚན་ཆུང་གིས་སྲིད་གཞུང་གི་ཟས་རིགས་བདེ་འཇགས་གཙོ་གཉེར་སྡེ་ཁག་དང་ཉེན་ཁའི་ལྟ་ཞིབ་ཚད་ལེན། དཔྱད་འཇོག་མ་ལག་འཛུགས་སྐྲུན། ཚོང་གཉེར་བའི་འགན་འཁྲི་གཙོ་བོ་དང་ཁྲིམས་ལུགས་འགན་འཁྲི་དོན་འཁྱོལ་བྱས་པའི་གནས་ཚུལ་སོགས་ཕྱོགས་བརྒྱད་ཀྱི་ནང་དོན་གཙོ་བོར་བཟུང་ནས། ཟས་རིགས་ཐོན་སྐྱེད་ཚོང་གཉེར་ཁེ་ལས་དང་བཟའ་བཏུང་བྱ་ཡུལ། འདེབས་འཛུགས་དང་གསོ་སྤེལ་བཤས་ཚོང་ཁེ་ལས། འཕྲོད་བསྟེན་ལྟ་ཞིབ་ཚད་ལེན་སྡེ་ཁག་སོགས་གཙོ་གནད་ལས་ཁུངས11ལ་ཟབ་ཞུགས་བྱས་ཏེ། ཡུལ་དངོས་ནས་ཟས་རིགས་རྒྱུ་ཆ་ཉོ་སྒྲུབ་དང་ཞིབ་བཤེར་བདེ་འཇགས་བརྟག་ཞིབ་ཀྱི་བདེན་དཔང་། ཟས་རིགས་ལས་སྣོན་ལས་བཟོའི་གོ་རིམ། བཟའ་བཏུང་ཡོ་བྱེད་ཀྱི་གཙང་འཁྲུད་དུག་སེལ། ལས་སྒྲུབ་མི་སྣའི་བདེ་ཐང་དོ་དམ་སོགས་ལ་ཞིབ་བཤེར་བྱས་པར་མ་ཟད། ལས་སྒྲུབ་པ་དང་དམངས་ཆེན་འཐུས་མི། མི་དམངས་མང་ཚོགས་བཅས་ལ་བགྲོ་གླེང་དང་བསམ་འཆར་བསྡུ་ལེན་བྱས།
ཞིབ་བཤེར་ཚན་ཆུང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ཞིང་ཆེན་ཡོངས་ཀྱི་ཟས་རིགས་བདེ་འཇགས་རྣམ་པ་ཇེ་བཟང་དུ་འགྲོ་བཞིན་ཡོད་ལ། ཟས་རིགས་བདེ་འཇགས་ཀྱི་དོན་རྐྱེན་ཚབས་ཆེན་གང་ཡང་བྱུང་མེད་པར་མ་ཟད། བྱ་བ་སོ་སོ་གོ་རིམ་ལྡན་པའི་ངང་སྤེལ་བ་དང་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད།
ཞིབ་བཤེར་ཚོ་ཆུང་གིས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱེད་དགོས་ལ། ཟས་རིགས་བདེ་འཇགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་དགོས། རང་འགུལ་ངང་ཉེན་ཁ་སེལ་བ་དང་སྔོན་འགོག་བྱེད་པ ཟས་རིགས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱས་ནས། དོན་དངོས་ཐོག་མི་དམངས་མང་ཚོགས་ཀྱི་ཟས་རིགས་བདེ་འཇགས་ལ་འགན་སྲུང་ཡོད་པར་བྱེད་དགོས། ཁྲིམས་ལུགས་ལག་བསྟར་ལ་ཤུགས་རྐྱེན་ཐེབས་སྲིད་པའི་གནད་དོན་གལ་ཆེན་དམ་འཛིན་བྱས་ཏེ། སྲིད་གཞུང་གི་འགན་འཁྲི་ནན་མོ་བྱས་ནས་འཛིན་པ་དང་གོ་རིམ་ཧྲིལ་བོར་ལྟ་རྟོག་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁའི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། ཟབ་རིགས་བདེ་འཇགས་ལྟ་ཞིབ་དོ་དམ་ནུས་པ་མཐོ་རུ་གཏོང་བ། ཚགས་དམ་པའི་ཟས་རིགས་བདེ་འཇགས་ཀྱི་སྦྲེལ་ཐག་ཧྲིལ་བོའི་དྲ་རྒྱར་སྲུང་སྐྱོབ་བྱེད་པ་བཅས་བྱེད་དགོས། “ཁྲིམས་ལུགས་ལ་བརྟག་དཔྱད”བྱེད་པའི་ཐབས་ལ་བརྟེན་ནས་ཡང་དག་པའི་ངང་ཁྲིམས་ལུགས་ལག་བསྟར་གོ་རིམ་ཁྲོད་གནས་པའི་གནད་དོན་གསལ་འདོན་དང་། ཁྲིམས་ལུགས་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ་གཙོ་བོར་བཟུང་ནས་རྒྱལ་ཁབ་རིམ་པའི་ཟས་རིགས་བདེ་འཇགས་ཁྲིམས་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བར་ཕན་འབྲས་ལྡན་པའི་དཔྱད་གཞི་འདོན་སྤྲོད་བྱེད་དགོས།
ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།