དམངས་ཆེན་འཐུས་མིའི་གྲོས་གཞི་སྒྲུབ་པའི་སྤུས་ཚད་དང་ཕན་ནུས་མངོན་སུམ་གྱིས་ཆེ་རུ་གཏོང་ཆེད། ཟླ6པའི་ཚེས6ཉིན་ནས་ཚེས13ཉིན་བར། ཞིང་ཆེན་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གིས་སྒྲུབ་སྐུལ་ཚན་ཆུང་བཙུགས་ནས། ཞིང་ཆེན་ཁྲིམས་འཛིན་ཐིན་དུ་སོང་ནས་འཐུས་མི་རྡོ་རྗེ་མཚོ་ཡིས་བཏོན་པའི《རྨ་ལྷོ་ཁུལ་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བའི་སྐོར་གྱི་གྲོས་གཞི》ལ་གཙོ་གནད་སྒྲུབ་སྐུལ་བྱས།
སྒྲུབ་སྐུལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་དུ། འཐུས་མི་རྡོ་རྗེ་མཚོ་ཡིས་ཁོ་མོས་བཏོན་པའི་གྲོས་གཞིའི་རྒྱབ་ལྗོངས་དང་ཐག་གཅོད་དགོས་པའི་གནད་དོན་དང་དམིགས་འབེན། བླང་བྱ་སོགས་ངོ་སྤྲོད་བྱས། ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་འབྲེལ་ཡོད་འགན་འཁུར་པས་གཞི་རིམ་བཅའ་ཁྲིམས་ཞབས་ཞུའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བཅའ་ཁྲིམས་རོགས་སྐྱོར་གྱི་གྲོན་དངུལ་རྒྱབ་སྐྱོར་སོགས་འཐུས་མིའི་རེ་འདུན་ལ་དམ་པོར་དམིགས་ཏེ། འཐུས་མིའི་གྲོས་གཞི་སྒྲུབ་པའི་གནས་ཚུལ་སྙན་ཞུར་ཕུལ་བར་མ་ཟད། འཐུས་མིའི་གྲོས་གཞི་སྔར་ལས་ཡག་པོར་སྒྲུབ་པའི་བསམ་ཕྱོགས་དང་བྱེད་ཐབས་བཏོན།
སྒྲུབ་སྐུལ་ཚན་ཆུང་གིས་འཐུས་མིའི་གྲོས་གཞི་སྒྲུབ་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་མཉམ་དུ། དམངས་ཆེན་འཐུས་མིས་འབྲེལ་ཡོད་ལས་ཁུངས་ལ་གྲོས་གཞི་འདོན་རྒྱུ་ནི་བཅའ་ཁྲིམས་ཀྱིས་སྤྲད་པའི་དབང་ཆ་ཡིན་ལ། འཐུས་མིས་འགན་འཁྲི་སྒྲུབ་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། འཐུས་མིའི་གྲོས་གཞི་ལེགས་པར་སྒྲུབ་པ་ནི་དམངས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་དོན་འཁྱོལ་བྱེད་པ་དང་། འཐུས་མིའི་རང་བདག་གོ་གནས་ལ་བརྩི་འཇོག་གང་ལེགས་བྱེད་པ། རང་རྟོགས་སྒོས་དམངས་ཆེན་གྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་ཀྱི་ཞིབ་ཕྲའི་མངོན་སྟངས་ཤིག་ཡིན། སྒྲུབ་འགན་འཁུརབའི་སྡེ་ཁག་གིས་གཙོ་གནད་སྒྲུབ་སྐུལ་བྱེད་པའི་གྲོས་གཞིས་ཞིང་ཆེན་ཡོངས་དང་ལྷག་པར་དུ་མི་རིགས་ས་ཁུལ་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། གྲོས་གཞི་སྒྲུབ་རྒྱུ་དེ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་ལ་ཟུང་སྦྲེལ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་སྦྲེལ་གང་ལེགས་བྱེད་པ། ཁྲིམས་འཛིན་སྲིད་འཛིན་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་ཟུང་སྦྲེལ་ནན་མོ་བྱས་ཏེ། མ་ལག་ཚང་བའི་སྒོ་ནས་འཆར་འགོད་དང་གནད་གཅིག་གིས་ཁྱོན་ཡོངས་ལ་སྣེ་ཁྲིད་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལས་ཆོད་དང་ཁྱབ་ཚད། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་ཇེ་མཐོར་གཏོང་བའི་ཡོངས་ཁྱབ་ཀྱི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། རང་རེའི་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་དེང་རབས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་དེ་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་གོང་དུ་སྤེལ་དགོས་ཞེས་ནན་གྱིས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།