ཟླ6པའི་ཚེས13ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་། དམངས་གཙོ་མནའ་མཐུན་དང་དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན། ཆེད་ལས་མཁས་པ་སོགས་མི་སྣ་སྐོར་ཞིག་རྩ་འཛུགས་བྱས་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་ཇེ་མགྱོགས་སུ་གཏོང་རྒྱུ་བརྗོད་དོན་དུ་བྱས་ནས་རྟོག་ཞིབ་གཏིང་ཟབ་བྱས།
རྟོག་ཞིབ་ཚན་ཆུང་གིས་རྨ་ཆུའི་སྟོད་རྒྱུད་ཀྱི་ཚྭ་རྔ་འགག་ཆུ་གློག་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སི་དང་མཚོ་ལྷོ་ཁུལ་ཉི་འོད་ནུས་པའི་ཐོན་ལས་གླིང་དུ་ཡུལ་དངོས་རྟོག་ཞིབ་བྱས་ཏེ། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་གནས་ཚུལ་ངོ་སྤྲོད་བྱས་པར་ཉན་པར་མ་ཟད། ཁེ་ལས་ཀྱི་འགན་ཁུར་བློ་མཐུན་དང་ལས་ཡུལ་དང་པོའི་ཚན་རྩལ་མི་སྣ་དང་བརྗེ་རེས་བྱས་པ་དང་། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་དང་དཀའ་ཁག་ལ་རྒྱུས་ལོན་བྱས།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་སྐྱེད་འཕེལ་ལ་དམིགས་ནས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཁྲོད་ཀྱི་གསར་གཏོད་དཔེ་སྟོན་ས་ཁུལ་བསྐྲུན་པ་དང་། ཉི་འོད་ནུས་པའི་ཐོན་ལས་འདེགས་སྐྱོར་བྱས་པའི་ལྗང་མདོག་ཐོན་ལས་ཚུལ་སྒྱུར་གྱི་ལམ་ཁ་ཡངས་པོ་འཚོལ་སྙེག་བྱས་ནས་ཚན་རྩལ་ནུས་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་དཔེ་སྟོན་གྱི་ནུས་པ་ལེགས་པོ་ཐོན། སྤུས་ཚད་མཐོ་བའི་ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་གྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁེ་ལས་ཀྱི་གསར་གཏོད་གཙོ་གཞིའི་ནུས་པ་ཇེ་དྲག་ཏུ་གཏོང་བ། ཚན་རྩལ་གསར་གཏོད་འདེགས་སྐྱོར་དུ་བྱས་ནས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་དགོས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གསར་གཏོད་དཔེ་སྟོན་ས་ཁུལ་འཛུགས་རྒྱུ་སྣེ་ཁྲིད་དུ་བྱས་ནས་ཚན་རྩལ་གསར་གཏོད་དང་སྤྱི་ཚོགས་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་ཤུགས་འདོན་ས་གཙོ་བོར་བྱས་ཏེ། ཁུལ་ཁོངས་ཀྱི་ཁྱད་ཆོས་འཛོམས་པ་དང་ལས་རིགས་སོ་སོས་དཔེ་ལྟ་བྱེད་རུང་བའི་ཚན་རྩལ་གྲུབ་འབྲས་བེད་སྤྱོད་དང་ཚུལ་སྒྱུར་གྱི་མ་ལག་བཙུགས་ནས་གསར་གཏོད་ཀྱི་སྒུལ་ནུས་གསོ་སྐྱོང་དང་ནུས་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།
མི་ཕམ་མགོན་པོས་བསྒྱུར།