མདའ་བཞི་རྫོང་གིས“AIཡི་ཐད་གཏོང”ལས་ཞུགས་ཞབས་ཞུའི་མ་ལག་གསར་གཏོད་བྱས།
2025.06.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གི“AIཡི་ཐད་གཏོང”ལས་ཞུགས་ཞབས་ཞུའི་རྟེན་གཞི་རུ་ཆེད་ལས་གཙོ་སྒྲོག་པས་སྐད་གཉིས་ཀྱི་ཐོག་ནས་ཁེ་ལས་ཀྱི་གནས་ཚུལ་མདོར་བསྡུས་དང་། ལས་གནས་ཀྱི་དགོས་མཁོ། གླ་ཕོགས་སོགས་ངོ་སྤྲོད་བྱེད་པའི་ཞོར་དུ་ལས་ཀ་འཚོལ་མཁན་གྱི་དྲི་བར་ལན་འདེབས་ཀྱིན་འདུག 

སྤྱི་པའི་ལས་ཞུགས་ཞབས་ཞུ་གཞི་གྲངས་ཅན་དུ་འགྱུར་བའི་རྣམ་པ་ཇེ་མགྱོགས་སུ་གཏོང་ཆེད། མདའ་བཞི་རྫོང་གིས་ཧུར་ཐག་སྒོས“AIཡི་ཐད་གཏོང”གི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ། སྲོལ་རྒྱུན་ཞབས་ཞུའི་རྣམ་པ་བསྒྱུར་བར་ཤུགས་རྒྱག་པ་དང་། གཞི་གྲངས་ཅན་དང་། རིག་ནུས་ཅན། དུས་ཚོད་ཉེར་བཞིའི་རིང་ལས་ཞུགས་པར་ཞབས་ཞུ་བྱེད་པའི་རྣམ་པ་གསར་གཏོད་བྱས་ཡོད། ཁུལ་ཡོངས་ཀྱི་སྔོན་ལ“AIཨང་ཀིའི་མིས་སྲིད་ཇུས་སྒྲོག་འགྲེལ་བྱེད་པའི”གནས་སྐབས་ལས་ཀའི་ཚོང་རར་རྒྱུན་སྡོད་བྱེད་སྟངས་ཚོད་ལྟ་བྱས་པ་དང་། “AIཨང་ཀིའི་མིས”ཆུ་ཚོད24རིང་ལས་རེས་བྱེད་མཚམས་མ་ཆད་པར་སྲུང་བས། དུས་ཚོད་དང་མི་ཤུགས་ཀྱི་ཚོད་འཛིན་ལས་བརྒལ་བ་དང་། འགུལ་ཚད་མཐོ་བ་དང་གནད་ལ་འཁེལ་བའི་སྒོ་ནས་རྒྱང་བསྒྲགས་དང་ལས་ཞུགས་སྲིད་ཇུས་གསར་ཤོས་དང་ཁ་གསབ་རེ་ཞུའི་ཕྱོགས་སྟོན་སོགས་ལྟེ་བའི་ཆ་འཕྲིན་འདོན་སྤྲོད་བྱས་ཡོད། བྱེད་ཐབས་དེས་དེ་སྔོན་གྱི་དྲིལ་བསྒྲགས་བྱེད་ཐབས་ཀྱིས་མི་འདང་བ་དང་། མི་ཤུགས་དཀོན་པ།  ཆ་འཕྲིན་རྗེས་སུ་ལུས་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་དང་། སྲིད་ཇུས་དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་དང་དུས་ཚོད་ཀྱི་རང་བཞིན་མངོན་གསལ་གྱིས་ཆེ་རུ་བཏང་བ། “ལས་ཞུགས་ཞབས་ཞུ་སྒོ་རྒྱག་མི་དགོས་པའི”རྨང་གཞི་ཇེ་བརྟན་དུ་བཏང་བ་རེད།

མདའ་བཞི་རྫོང་གིས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཆེད་དོན་དྲ་ཐོག་ཐད་གཏོང་ལས་མི་བསྡུ་བའི་ལས་དོན་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་ཆ་འཕྲིན་གྱི་བཀག་རྒྱ་ལས་བརྒལ་ནས་ལས་འཚོལ་ཁོར་ཡུག་ཅིག་བསྐྲུན་པ་དང་། “ལས་གནས་མྱུར་སྐྱེལ། སྤྲིན་ཚོམ་མཉམ་འགུལ། མཐེབ་གཅིག་གདན་ཞུ”བཅས་ཀྱི་བྱེད་ནུས་ཆེ་བའི་བརྒྱུད་རིམ་གསར་གཏོད་བྱས་ཏེ་མི་དང་ལས་གནས་སྙོམས་སྒྲིག་གི་ཐབས་ལམ་རྒྱ་ཆེར་བཏང་བས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཆེ་རུ་ཕྱིན་ཡོད།

མདའ་བཞི་རྫོང་གིས“AIགྲངས་འཛིན་མི་སྣའི”ལས་རིགས་མཛུབ་ཁྲིད་དང་། རྩལ་ནུས་གསོ་སྦྱོང་འོས་སྦྱོར། ལས་གནས་ཟླ་སྒྲིག་སོགས་ཀྱི་རྣམ་པ་མུ་མཐུད་རྒྱ་སྐྱེད་གཏོང་རྒྱུ་ཡིན་པ་རེད། ལག་རྩལ་ལ་བརྟེན་ནས་འཇོན་ནུས་འདོན་པ་དང་དུས་མཚུངས་སུ། ཞབས་ཞུའི་དྲོད་ཚད་དང་ཡང་དག་ཚད་ལ་སྔར་བས་དོ་སྣང་བྱས་ཏེ། དྲ་ཐོག་དང་དྲ་ཕྱིའི་མཐུན་སྦྱོར་བརྒྱུད།  ཁེབས་རྒྱ་ཆེ་བ། མཛའ་མཐུན་ཉམས་ལེན་བཅས་ཀྱི་བློ་གྲོས་ལྡན་པའི་ལས་ཞུགས་ཞབས་ཞུའི་མ་ལག་འཛུགས་པ་དང་། རྒྱུན་མཐུད་རིམ་སྤོར་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། སྔར་བས་རིག་ནུས་དང་། སྔར་བས་དྲོ་སྐྱིད་ལྡན་པ། སྔར་བས་ཕན་འབྲས་ཆེ་བ་བཅས་ཀྱི་ལས་ཞུགས་ཞབས་ཞུའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་ཆེད་གྲངས་ཀའི་སྟོབས་ཤུགས་འབུལ་དགོས།

ཚེ་མགོན་རྒྱལ་གྱིས་བསྒྱུར།