སྐབས26པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་བོད་ལུགས་ས་གདན་འགྲེམ་ཁུལ་གྱིས་རྒྱལ་ཁབ་དྲུག་གི་རྒྱལ་སྤྱིའི་ས་གདན་ཚོང་པ69འགྲེམ་ཞུགས་བྱ་རྒྱུའི་ཡིད་དབང་བཀུག
2025.06.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཟླ6པའི་ཚེས25ཉིན། སྐབས26པའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་འཚོང་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་བོད་ལུགས་ས་གདན་འགྲེམ་ཁུལ་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ཀྱི་ཚོམས་ཁང་ཤར་མའི་ནང་སྤེལ་འགོ་བརྩམས། སྐབས་འདིའི་བོད་ལུགས་ས་གདན་འགྲེམ་སྟོན་དུ་འཛམ་གླིང་གི་ས་གདན་སྒྱུ་རྩལ་གྱི་སྤུས་ལེགས་ཐོན་རྫས་འདུས་ཡོད་པས། སྲིད་ཇུས་ཀྱི་རྒྱབ་སྐྱོར་ནུས་ལྡན་འོག མཚོ་སྔོན་གྱི་བོད་ལུགས་ས་གདན་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་རྐྱང་གཅིག་བསྡུས་སྒོས་མངོན་པར་བྱས་ཡོད།

སྐབས་འདིའི་འགྲེམ་ཚོགས་སྟེང་ཕ་ཁི་སི་ཐན་དང་ཨ་ཧྥུ་ཧན། ནེ་པ་ལ། དབྱི་ལིང་། རྒྱ་གར། ཐུར་ཁེ་སོགས་རྒྱལ་ཁབ་དྲུག་གི་རྒྱལ་སྤྱིའི་ས་གདན་ཚོང་པ69འགྲེམ་ཞུགས་བྱས་པ་དང་། འགྲེམ་སྟོན་བྱས་པའི་ས་གདན་ཏུན26ཡོད། དེ་དང་ཆབས་ཅིག མཚོ་སྔོན་དང་པེ་ཅིང་། ཧྲང་ཧེ། ཐེན་ཅིན། ཀྲེ་ཅང་། ཧྲན་ཏུང་། ཧི་ནན། ཧི་པེ། ཧྥུའུ་ཅན། ཞིན་ཅང་། ཉིན་ཞ། ནང་སོག ཀན་སུའུ། ཞང་ཀང་སོགས་རྒྱལ་ནང་གི་ཞིང་ཆེན14དང་། རང་སྐྱོང་ས་ཁུལ། ཐད་གཏོགས་གྲོང་ཁྱེར་དང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཚོང་པ111ཟབ་ཞུགས་བྱས་ཡོད་པ་དང་། འགྲེམ་སྟོན་བྱས་པའི་ས་གདན་ཏུན100ཡོད། བོད་ལུགས་ས་གདན་འགྲེམ་སྟོན་བྱེད་པའི་དུས་སྐབས་སུ། གཙོ་སྒྲུབ་ལས་ཁུངས་ཀྱིས་ལེགས་སྐྱེས་སྟོང་གཉིས་ལྷག་ལྟད་མོ་བར་ཕྱིན་པས། ལྟད་མོ་བ་ཟབ་ཞུགས་བྱེད་པའི་སྤྲོ་སེམས་འཕེལ་བར་བྱས།

ཀྲུང་གོའི་བོད་ལུགས་ས་གདན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ལུའོ་ཧྲི་ཝའེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། སྐབས་འདིའི་བོད་ལུགས་ས་གདན་འགྲེམས་སྟོན་གྱི་ཁྱད་ཆོས་ནི་དུས་མཉམ་དུ་འགོ་བརྩམས་པའི“འཛམ་གླིང་གི་ས་གདན་བསྡུ་འགྲེམས་ལྟེ་གནས”ཡིན་པ་དང་། ལྟེ་གནས་འདི་ནི་ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་། ཀྲུང་གོ་བོད་ལུགས་ས་གདན་མཐུན་ཚོགས། མཚོ་སྔོན་ཏ་ཁྲི་ཐུའུ་པའོ་རྒྱལ་སྤྱིའི་ཚོང་དོན་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་འབྲེལ་སྒོས་བསྐྲུན་པ་དང་། ཟི་ལིང་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཐོན་ལས་གླིང་དུ་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1000ཡོད་པ་རེད། དེས་སྲོལ་རྒྱུན་གྱི་འགྲེམས་སྟོན་རྣམ་པའི་ཚད་བརྒལ་རང་བཞིན་གྱི་གསར་གཏོད་མངོན་འགྱུར་བྱས་ཡོད། བསྡུ་འགྲེམས་ལྟེ་གནས་ཀྱིས་ཀྲུང་གོ་དང་། རྒྱ་གར། ཕ་ཁི་སི་ཐན། དབྱི་ལིང་། ནེ་པ་ལ། ཨ་ཧྥུ་ཧན། ཐུར་ཁེ་སོགས་རྒྱལ་ཁབ་ཁག་གི་འགྲེམས་སྟོན་ཁུལ7ལ་འཆར་འགོད་ཞིབ་ཚགས་བྱས་ཡོད་པ་མ་ཟད། ཀྲུང་གོའི་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམས་སྟོན་ཚོགས་འདུའི་རིག་གནས་འགྲེམས་སྟོན་དང་། བསླས་འཐག་ཉམས་ལེན་ཁུལ་སོགས་བཙུགས་ཡོད། ཚད་མཐོའི་ཡུལ་ལྗོངས་ཅན་གྱི་མངོན་སྟངས་བརྒྱུད་ནས་འཛད་སྤྱོད་པས་རྒྱལ་ཁབ་ཁག་གི་ས་གདན་གྱི་ཐུན་མོང་མ་ཡིན་པའི་རི་མོ་དང་། བསླས་འཐག་ལག་རྩལ། གཏིང་ཟབ་པའི་རིག་གནས་ནང་སྙིང་བཅས་ཉམས་ལེན་བྱེད་ཐུབ་པར་འབད་བརྩོན་བྱས་ཡོད།

ཤ་བོ་གསེར་མཚོས་བསྒྱུར།