ས་གནས་སོ་སོས་གྲོང་ཁྱེར་གྱི“གསོག་འཇོག་རྒྱུ་ནོར”བབ་བསྟུན་གྱིས་སྤྱོད་པ་དང་མཚན་མོའི་འཛད་སྤྱོད་རྣམ་པ་གསར་སྐྲུན། ཁྲོམ་ར་གསར་བ་བསྐྲུན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། འཛད་སྤྱོད་ཀྱི་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས། འཛད་སྤྱོད་ཀྱི་གསོན་ཤུགས་གསར་པ་རྒྱུན་མཐུད་སྒོས་བསྐྱེད།
གྲོང་ཁྱེར་གྱི“གསོག་འཇོག་རྒྱུ་ནོར”བབ་བསྟུན་བེད་སྤྱོད་ལ་བརྟེན་ནས་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་བཏོད། པེ་ཅིང་གི་ལྟེ་བའི་ཁུལ་དུ་གསར་དུ་བསྐྲུན་པའི་སྒོ་རའི་རྣམ་པའི་སྲང་ལམ་སྟེ་ཏ་ཅི་སྲང་ལམ་ལས་གཉེར་བྱེད་འགོ་ཚུགས་ནས་ཟླ་བ་གཅིག་ཀྱང་འགོར་མེད་རུང་། འགྲུལ་རྒྱུན་མི་ཐེངས་ས་ཡ་གཉིས་ལས་བརྒལ་ཡོད། པེ་ཅིང་ལ་ལོ་ངོ200ལྷག་གི་ལོ་རྒྱུས་ལྡན་པའི་རིག་གནས་སྲུང་སྐྱོབ་ཀྱི་བཟོ་བཀོད་ཡོད་པ་དང་། རྙིང་པ་ལྟར་ཉམས་གསོ་དང་། བེད་སྤྱོད་དང་སྲུང་སྐྱོབ་ལ་བརྟེན་ནས་སྐུལ་འདེད་བཏང་སྟེ། སྨི་གྲུ་བཞི་མ་འབུམ་གསུམ་དང་ཁྲི་དྲུག་གི“རིག་གནས་སྲུང་སྐྱོབ་ཁུལ་དང་ཚོང་ལས། གཞུང་ལས་ཁང་། སྤྱི་གླིང་བཅས་ཟུང་འབྲེལ་གྱི”མཉམ་འདྲེས་རྣམ་པའི་ཁྲོམ་སྲང་གསར་པ་བཏོད། ཏ་ཅི་སྲང་ལམ་གྱིས་ད་དུང་རིག་གནས་སྲུང་སྐྱོབ་ཀྱི་བར་སྟོང་དུ་འགྲེམ་སྟོན་དང་འཁྲབ་སྟོན་སོགས་སྣ་མང་གི་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་རིག་གནས་ལ་དགའ་མཁན་གྱི་ཡིད་དབང་བཀུག
ཧྥུའུ་ཅན་ཞ་མོན་གྱིས་ཞ་མོན་དེ་ཉ་པའི་སྡེ་བ་ནས་གྲོང་ཁྱེར་དུ་འགྱུར་བའི་ལྕགས་ལམ་རྙིང་པ་དང་བཟོ་གྲྭ་རྙིང་པ། ས་ཆ་བཟུང་ཚད་སྨི་གྲུ་བཞི་མ་ཁྲི་གཅིག་ཟིན་པའི་མེ་འཁོར་བརྗོད་གཞིའི་གླིང་ཁུལ་དུ་ལེགས་སྒྱུར་མཐོར་འདེགས་བྱས་པ་བདེན་དཔང་བྱས། གླིང་ཁུལ་གྱིས་བྲག་འཛེག་ལུས་སྦྱོང་དང་བཟའ་བཏུང་འཛད་སྤྱོད་སོགས་ལས་རྣམ་སྣ་ཚོགས་ནང་འདྲེན་བྱས་པ་མ་ཟད། ད་དུང་དུས་ཆེན་དང་གུང་གསེང་གི་དུས་ཚོད་དང་ཟུང་འབྲེལ་བྱས་ཏེ་གློག་བརྙན་གཟའ་འཁོར་སོགས་རིག་རྩལ་བྱེད་སྒོ་སྤེལ།
འཛད་སྤྱོད་པ་ཀྲུའུ་ཡུའེ་ཡིས་བཤད་རྒྱུར། ངས་བལྟས་ན་སྤྱི་གླིང་འདི་ཡིས་ལྕགས་ལམ་གྱི་སྔར་ཡོད་རྣམ་པ་སོར་འཇོག་བྱས་པ་མ་ཟད། དར་སྲོལ་གྱི་གཞི་རྒྱུ་མང་པོ་ཞིག་ཀྱང་བསྲེས་ཡོད། ཐོན་རྫས་གསར་པ་དེ་དག་གསར་བཟོ་དང་ཇུས་འགོད་བྱས་པ་བརྒྱུད། ང་ཚོ་འདི་ནས་རྩེ་དུས་སྔར་ལས་སྣ་མང་ཅན་གྱི་མྱོང་ཚོར་དང་འཛད་སྤྱོད་ཉམས་སུ་ལེན་ཐུབ་ཟེར།
མཚན་མོའི་འཛད་སྤྱོད་རྣམ་པ་གསར་གཏོད་བྱས། ཟླ་འདི་ནས་འགོ་ཚུགས་ཏེ་ཟླ9པའི་བར། ཧྲང་ཧའེ་ཡིས་མཚན་མོའི་ཉོ་སྒྲུབ་དང་མཚན་མོའི་ཡུལ་སྐོར་སོགས་ལ་གཞིགས་ཏེ། ཁྱད་ཆོས་ལྡན་པའི་དབྱར་ཁའི་མཚན་མོའི་བྱེད་སྒོ130བཏོན་པ་དང་། དེ་མིན“སྤྱི་སྤྱོད་རླངས་འཁོར་གྱི་ཁར་འཛད་སྤྱོད”དང་། “ཡུལ་སྐོར་གྲུ་གཟིངས་ཀྱི་ཁར་འཛད་སྤྱོད”སོགས་ཁྱད་ཆོས་ལྡན་པའི་རྣམ་པ་སྐོར་ཞིག་བཏོན། ཚོང་སྐོར་སོ་སོའི་ཚོང་གཉེར་དུས་ཚོད་བབ་མཚུངས་ཀྱིས་ཇེ་རིང་དུ་བཏང་ནས། མཚན་མོའི་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པ་དང་། འཁྲབ་སྟོན་དང་གློག་བརྙན་ལྟ་ཡུལ་སྣ་ཚོགས་དང་ཚོང་རའི་བཟའ་བཏུང་དང་སིལ་ཚོང་ལས་རིགས་ཀྱི་རྣམ་པ་དང་མཉམ་འགུལ་བྱས།
ཧྲང་ཧའེ་གྲོང་ཁྱེར་ཚོང་དོན་ཨུ་ཡོན་ལྷན་ཁང་འཛད་སྤྱོད་སྐུལ་སྤེལ་ཁྲུའུ་ཡི་ཁྲུའུ་ཀྲང་། ཅིས་ཞིན་ཕིང་གིས་བཤད་རྒྱུར། ང་ཚོས་མུ་མཐུད་དུ་མཚན་མོའི་འཛད་སྤྱོད་བྱེད་སྒོ་ལ་བརྟེན་ནས། ཉེ་འཁོར་གྱི་འཛད་སྤྱོད་ལ་སྐུལ་ཁྲིད་བྱས་པ་དང་། དེའི་ནང་ཟས་མཆོག་དང་རོལ་དབྱངས། དེ་མིན་འཁྲབ་སྟོན་བཅས་ཚུད་པ་དང་། འཛད་སྤྱོད་འཕར་བར་སྐུལ་ཁྲིད་བྱ་རྒྱུ་ཡིན་ཟེར།
ཅི་ལིན་ཁྲང་ཁྲུན་གྱི་ཚོང་ཁང་དུ་བསྐྱོད་པ་ན། “རི་གྲོང་”ཞིག་ཏུ་སླེབས་པ་དང་འདྲ། རི་ལམ་དེད་ནས་མདུན་དུ་བསྐྱོད་ཚེ། རི་ཕུག་དང་རི་ལྡེབས། རི་རྡོ། རི་ཤིང་སོགས་ཀྱི་གཞི་རྒྱུ་མཐོང་རྒྱུ་ཡོད་པ་མ་ཟད། མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་རི་འགོར་འགོས་པའི་མྱོང་ཚོར་རོལ་མྱོང་བྱེད་ཐུབ། ད་ལོའི་ཟླ1པོ་ནས་ཟླ5པའི་བར། ཚོང་རར་ཉིན་རེར་ཆ་སྙོམས་ཀྱིས་འགྲུལ་རྒྱུན་གྱི་ཚད་མི་ཐེངས་ཁྲི་གསུམ་དང་སྟོང་ལྔ་ཡོད་པ་དང་། ཉིན་རེར་ཆ་སྙོམས་ཀྱིས་ཕྱིར་ཚོང་བྱེད་ཚད་སྒོར་ས་ཡ་གཅིག་དང་འབུམ་བརྒྱད་ལ་སླེབས་ཡོད།