ཚོང་གཉེར་བྱེད་པོའི་ཐོ་འགོད་ཡིག་ཚགས་ཀྱིས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་ཞབས་འདེགས་ཞུ་བའི་ཁྲོད་བྱེད་ནུས་ལེགས་པོ་འདོན་ཆེད། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིང་ཆེན་ཡིག་ཚགས་ཅུའུ་དང་མཉམ་འབྲེལ་བྱས་ནས་ཚོང་གཉེར་བྱེད་པོའི་ཐོ་འགོད་ཡིག་ཚགས་ཀྱི་དོ་དམ་བྱེད་ཐབས་ཀྱི་ལག་བསྟར་བྱེད་ཐབས་ཞིབ་མོ་བཟོས་པ་དང་། ནུས་ཤུགས་ཡོད་རྒུས་རང་ཞིང་གི་ཐོ་འགོད་ཡིག་ཚགས་དོ་དམ་ཚད་ལྡན་ཅན་དང་ཚད་གཞི་ཅན། སྟབས་བདེ་ཅན་བཅས་ལ་སྐུལ་འདེད་བཏང་། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་རིམ་པ་སོ་སོའི་ཐོ་འགོད་ལས་ཁུངས་ཀྱིས་ཐོ་འགོད་ཡིག་ཚགས་ཚད་ལྡན་དོ་དམ་ལ་ཤུགས་སྣོན་པར་མཛུབ་སྟོན་བྱེད་པ་དང་། ཐོ་འགོད་ཡིག་ཚགས་ཀྱི་ཞིབ་བཤེར་ཞབས་ཞུ་ལེགས་སྒྱུར་བྱས་ཏེ། རང་ཞིང་གི་ཐོ་འགོད་ཡིག་ཚགས་དོ་དམ་ཆུ་ཚད་ནུས་ལྡན་སྒོས་ཇེ་མཐོར་འགྲོ་བར་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཞབས་ཞུ་སྔར་ལས་ལེགས་པོ་འདོན་སྤྲོད་བྱེད་རྒྱུ་རེད།
ཐོ་འགོད་ཡིག་ཚགས་དོ་དམ་ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བའི་ཐད་ནས། ཐོ་འགོད་ཡིག་ཚགས་བརྒྱུད་སྤྲོད་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་དང་། བྱེད་པོའི་ཁྱབ་ཁོངས་དང་ཐོ་འགོད་ཡིག་ཚགས་ལ་མཁོ་བའི་རེ་ཞུའི་རྒྱུ་ཆ་འཚོལ་ཞིབ་བྱས་ཏེ། ཐོ་འགོད་ཡིག་ཚགས་བརྒྱུད་སྤྲོད་བྱེད་ཐབས་ཚད་ལྡན་དུ་གཏོང་བ་དང་། ཕྱོགས་གསུམ་པར་མངགས་བཅོལ་བྱས་ནས་ཐོ་འགོད་ཡིག་ཚགས་ལེགས་སྒྲིག་དང་གསོག་ཉར། གཞི་གྲངས་ཅན་སོགས་ཀྱི་བྱ་བ་ཚད་ལྡན་དུ་གཏོང་དགོས།
ཐོ་འགོད་ཡིག་ཚགས་དོ་དམ་ཚད་གཞི་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བའི་ཕྱོགས་ནས། རིམ་པ་སོ་སོའི་ཐོ་འགོད་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་ཚོང་གཉེར་བྱེད་པོའི་ཐོ་འགོད་ཞུ་ཚགས་ཡིག་ཆའི་རྒྱུ་ཆ་ཁོངས་འཇུག་ཁྱབ་ཁོངས་ལ་དམིགས་ཏེ། ཁྱིམ་ཚང་གཅིག་ལ་ཡིག་ཚགས་གཅིག་དང་། ཡིག་ཚགས་གཅིག་ལ་རྒྱུ་ཆ་མང་བའི་རྩ་དོན་བརྩི་སྲུང་བྱས་ནས་ཐོ་འགོད་ཡིག་ཚགས་ལེགས་སྒྲིག་བྱེད་པ་དང་། ཡིག་ཆའི་རྒྱུ་ཆ་ཁ་ཚང་བ་ཞིང་དཔེ་རིས་དང་ཡི་གེ་གསལ་བོ་ཡིན་པ། ཐབས་ལམ་ཚད་གཞི་གཅིག་གྱུར་བཅས་ལ་ཁག་ཐེག་བྱས་ཏེ། ཡིག་ཆའི་བར་གྱི་འབྲེལ་བ་སྲུང་འཛིན་བྱེད་དགོས།
ཐོ་འགོད་ཡིག་ཚགས་དོ་དམ་སྟབས་བདེ་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བའི་ཕྱོགས་ནས། ཚོང་གཉེར་བྱེད་པོས་སྡོད་གནས་སྤར་བ་སོགས་ཀྱི་རྐྱེན་གྱིས་ཐོ་འགོད་ཡིག་ཚགས་སྤོ་སྒྱུར་བྱེད་སྐབས། གནས་སྤོ་སའི་ཐོ་འགོད་ལས་ཁུངས་ལ་གནས་སྤོའི་རེ་ཞུ་འདོན་མི་དགོས། གནས་སྤོ་ཡུལ་གྱི་ཐོ་འགོད་ལས་ཁུངས་ཀྱིས་གནས་སྤོའི་ཡིག་ཚགས་བཏོན་རྗེས། གནས་སྤོ་ཡུལ་གྱི་ཐོ་འགོད་ལས་ཁུངས་ཀྱིས་དུས་བཅད་ལྟར་ཐོ་འགོད་ཡིག་ཚགས་ཚང་མ་བརྒྱུད་སྤྲོད་བྱས་ནས། ཐོ་འགོད་ཡིག་ཚགས་བརྒྱུད་སྤྲོད་ཀྱི་སྟབས་བདེ་ཚད་ཇེ་མཐོར་གཏོང་དགོས། དེ་དང་མཉམ་དུ། རིམ་པ་སོ་སོའི་ཐོ་འགོད་ལས་ཁུངས་ཀྱིས་ཤོག་བུའི་ཐོ་འགོད་ཡིག་ཚགས་གློག་རྡུལ་ཅན་གྱི་འཕེལ་རིམ་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བར་སྐུལ་མ་བཏང་།
ལྷ་མོ་འཚོས་བསྒྱུར།