ཟླ6པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་གོ་དབྱི་ཏུང་འཕྲིན་གཏོང་སྡེ་ཚོགས་མཚོ་སྔོན་ཡན་ལག་ཀུང་ཟི་དང་ཀྲུང་གོ་བཟོ་སྐྲུན་ཅུའུ་གསུམ་པའི་སྡེ་ཚོགས་ཚད་ཡོད་ཀུང་ཟིས་སྒྲུབ་འགན་ཁུར་བའི2025ལོའི་མཚོ་སྔོན་ཞིང་ཆེན་བཟོ་སྐྲུན་ལས་གཞིའི་བདེ་འཇགས་སྦྱོང་བརྡར་བྱེད་སྒོ་མཚོ་སྔོན་མཚོ་ཤར་གྱི་ཀྲུང་གོ་དབྱི་ཏུང་གཞི་གྲངས་ལྟེ་གནས་ཀྱི་ཐོག་ཁང་གཉིས་པའི་ལས་གཞིའི་ཡུལ་དངོས་ནས་སྤེལ་འགོ་བརྩམས་པ་དང་། བྱེད་སྒོའི་དམིགས་ཡུལ་གཙོ་བོ་ནི་བཟོ་སྐྲུན་ལས་བཟོའི་བདེ་འཇགས་ཐོན་སྐྱེད་ཚད་ལྡན་ཅན་དུ་གཏོང་བའི་ཉམས་མྱོང་རྒྱ་ཁྱབ་ཏུ་གཏོང་བ་དང་བདེ་འཇགས་དོ་དམ་གྱི་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་དེ་རེད།
ཐེངས་འདིའི་ལྟ་ཞིབ་བྱེད་སྒོའི་སྟེང་ཡུལ་དངོས་འགྲེམ་སྟོན་དང་ཉམས་མྱོང་བརྗེ་རེས། འཕྲལ་བསྟུན་འཁྲབ་སྦྱོང་སོགས་ཀྱི་རྣམ་པ་བརྒྱུད་ནས་ཞིང་ཆེན་ཡོངས་ཀྱི་འཛུགས་སྐྲུན་ཁེ་ལས་ལ་དཔེར་འོས་པའི་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ཉམས་མྱོང་འདོན་སྤྲོད་བྱས། བྱེད་སྒོའི་ཡུལ་དངོས་སུ་ལས་གཞིའི་དཔུང་སྡེའི་བདེ་འཇགས་ཐོན་སྐྱེད་ཚད་ལྡན་ཅན་འཛུགས་སྐྲུན་གྱི་གསར་གཏོད་ལག་ལེན་མངོན་པར་བྱས་ལ། ལས་བཟོའི་ཚོད་ལྟ་བརྒྱུད་ནས་ཉེན་ཁ་ཆེ་བའི་ཁུལ་ཁོངས་ངོས་འཛིན་བྱེད་པ་དང་། བདེ་འཇགས་མ་ལག་སྤྱད་ནས་བདེ་ཐང་དོ་དམ་ཆ་འཕྲིན་ཅན་མངོན་འགྱུར་བྱུང་ལ། ལས་བཟོའི་སྔོན་གྱི་སློབ་གསོ་དང་ཉིན་རྒྱུན་གྱི་ཞིབ་བཤེར་སོགས་གོ་རིམ་ཧྲིལ་བོའི་དོ་དམ་ཁྱབ་ཁོངས་སུ་ཁྱབ་པར་བྱས། དེ་མིན་ལས་གཞིས་ད་དུང་རྨང་འདིང་བ་དང་ལྗིད་འདེགས་གདོང་ཐུག་བྱུང་བ་སྔོན་འགོག་བྱེད་པའི་མ་ལག་དང་མི་ཐབས་ཀྱི་ཉེན་ཟོན་མོ་གཅུས་སོགས་སྔོན་ཐོན་ལག་རྩལ་ནང་འདྲེན་བྱས་ནས་སྒྲིག་ཆས་ཆེ་གྲས་ཀྱི་བདེ་འཇགས་འཁོར་སྐྱོད་ལ་འགན་སྲུང་བྱས།
ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱི་འགན་ཁུར་མི་སྣས་བསྟན་དོན། ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ། བཟོ་སྐྲུན་ལས་བཟོའི་བདེ་འཇགས་ཐོན་སྐྱེད་ཚན་ལྡན་ཅན་དུ་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་མཚོ་སྔོན་གྱི་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས།
མི་ཕམ་མགོན་པོས་བསྒྱུར།