ཟླ6པའི་ཚེས19ཉིན་ནས་ཚེས22ཉིན་བར། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་གདན་ཞུ་ལྟར། ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་མང་པོའི་ན་གཞོན་འཇོན་མིས་གྲུབ་པའི་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི2025ལོའི་ལང་ཚོའི་ལྷན་འཛོམས་འཐུས་ཚབ་ཚོགས་པ་དང་བཅས་པའི་མི26གིས་མཚོ་སྔོན་ལ་འཚམས་འདྲི་བྱས། ཐེངས་འདིའི་འཚམས་འདྲིས་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་ན་གཞོན་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་ཀྱིས་ལྗང་མདོག་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ། རིག་གནས་ཕན་ཚུན་དཔྱད་གཞིར་འཛིན་པ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་ཐུབ།
མཚོ་སྔོན་དུ་སྡོད་པའི་རིང་ལ། འཐུས་ཚབ་ཚོགས་པ་མཚོ་སྔོན་གྱི་སྟོབས་ཤུགས་ལ་བརྟེན་ནས་དབུལ་སྐྱོར་དང་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ལཱ་ཏེན་མེ་གླིང་གི་ན་གཞོན་དང་མཉམ་དུ་མཚོ་སྔོན་གྱི་གྲོང་གསེབ་འཕེལ་རྒྱས་ཀྱི་ལག་ལེན་གསར་བར་གྲོས་མོལ་བྱེད་པའི་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་མཚོ་སྔོན་གྱི་དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་ཕན་ཡོད་སྦྲེལ་མཐུད་བྱས་པའི་ཉམས་མྱོང་བྱེད་ཐབས་ངོ་སྤྲོད་བྱས་པར་མ་ཟད། ཕྱོགས་གཉིས་ཀྱིས་འབྲེལ་ཡོད་གྲོས་གཞིའི་ཐད་ནས་བརྗེ་རེས་གཏིང་ཟབ་བྱས། དེའི་རྗེས་སུ། འཐུས་ཚབ་ཚོགས་པས་མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་དངོས་མང་བཤམས་སྟོན་ཁང་དང་སྐུ་འབུམ་དགོན་པ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྣང་ར་ཡུལ་ཚོ་བདེ་སྐྱིད་སྡེ་བ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་འོད་ཤུགས་ཐོན་ལས་གླིང་དང་མཚོ་སྔོན་པོ་སོགས་སུ་སོང་ནས་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་སྤེལ་དང་ནུས་ཁུངས་གཙང་མའི་འཕེལ་རྒྱས་སོགས་ཕྱོགས་ཀྱི་ལག་ལེན་གསར་གཏོད་དང་གྲུབ་འབྲས་མངོན་གསལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས།
ད་ལོ་ནི་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གླེང་སྟེགས་དངོས་སུ་འཁོར་སྐྱོད་བྱས་ནས་ལོ་ངོ་བཅུ་འཁོར་བའི་ལོ་ཡིན། འཐུས་ཚབ་ཚོགས་པའི་ཁོངས་མིས་མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་ཐད་གཅིག་གྱུར་འཆར་འགོད་བྱས་པའི་ལག་ལེན་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། མཚོ་སྔོན་གྱི་ནུས་ཁུངས་གཙང་མ་གསར་སྤེལ་དང་། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སོགས་ཕྱོགས་ཀྱི་ཉམས་མྱོང་ལ་དཔྱད་གཞིར་འཛིན་པའི་རིན་ཐང་གལ་ཆེན་ལྡན་པར་འདོད། ཐེངས་འདིའི་འཚམས་འདྲིས་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་ན་གཞོན་བར་གྱི་ཕན་ཚུན་རྒྱུས་ལོན་སྔར་ལས་ཇེ་ཟབ་ཏུ་བཏང་ནས་མ་འོངས་པའི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཐད་རྨང་གཞི་བརྟན་པོ་བཏང་། ཕྱོགས་གཉིས་ཀྱིས་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་རྒྱུན་མཐུད་ངང་ཤུགས་སྣོན་བྱེད་པ་དང་། མཉམ་ལས་མཉམ་རྒྱལ་གྱི་བགྲོད་ལམ་གསར་བ་འཚོལ་ཞིབ་བྱེད་པ། ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།
ཤ་བོ་གསེར་མཚོས་བསྒྱུར།