ཕྱོགས་ཡོངས་རོགས་སྐྱོར་གྱིས་མཚོ་སྔོན་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ཐད་ཀྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱེད་པར་རམ་འདེགས་བྱས།
2025.06.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས19ཉིན། གསར་འགོད་པས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་མཚོ་སྔོན་ལ་སྨན་བཅོས་རོགས་སྐྱོར་བྱེད་པའི་བྱ་བ་སྤེལ་ནས་ལོ་བཅོ་ལྔ་འཁོར་བའི་འབྲེལ་ཡོད་གནས་ཚུལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ལོ་ངོ་བཅོ་ལྔའི་རིང་གི་ཕྱོགས་ཡོངས་ཀྱི་རོགས་སྐྱོར་བརྒྱུད་དེ། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ཐད་ནས་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱས་པ་དང་། གྲུབ་འབྲས་སྣ་ཚོགས་ཧ་ཅང་མངོན་གསལ་ཡིན།

མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་ལག་རྩལ་མི་སྣའི་སྤྱིའི་གྲངས་ཀ་མི་ཁྲི2དང་སྟོང་བརྒྱད་ནས་ཁྲི་བདུན་དང་སྟོང་གསུམ་ལ་འཕར་བ་དང་། འཕར་ཚད་བརྒྱ་ཆའི་བརྒྱ་དང་ང་བདུན་ལྷག་ལ་སླེབས་ཡོད། དགེ་སློབ་རྒྱུན་འཛིན་ལས་སྒྲུབ་ཁང་དང་སྨན་པ་མང་གྲགས་ཅན་གྱི་ལས་སྒྲུབ་ཁང་སོགས་ཀྱི་ལས་སྟེགས་བརྒྱུད་དེ། ས་གནས་རང་གི་རིག་ཚན་སྣེ་ཁྲིད་མི་སྣ137 སྐྱེད་སྲིང་བྱས་ནས། སྨན་བཅོས་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་འཇོན་མིའི་གཞི་རྩ་ཇེ་བརྟན་དུ་བཏང་། སྨན་བཅོས་ལས་ཁུངས་ཀྱི་ཉལ་ཁྲིའི་གྲངས་ཀ་ཁྲི་གཉིས་ནས་ཁྲི་བཞི་དང་སྟོང་དྲུག་ལ་འཕར་བ་དང་། བརྒྱ་ཆའི་ཉེར་བརྒྱད་འཕར་སྣོན་བྱུང་། ཡུལ་ཚོ་དང་གྲོང་རྡལ་གྱི་ཚད་གཞི་ལོན་པའི་འཕྲོད་བསྟེན་གླིང་བརྒྱ་ཆའི་ཉེར་གསུམ་ནས་བརྒྱ་ཆའི་གོ་གཅིག་ལ་འཕར་བ་དང་། གཞི་རིམ་གྱི་ཐོག་མའི་བརྟག་དཔྱད་ཚད་བརྒྱ་ཆའི་རེ་བརྒྱད་ལ་སླེབས་ཤིང་། རྫོང་ཁོངས་ནང་གི་སྨན་བཅོས་བྱེད་ཚད་བརྒྱ་ཆའི་གྱ་གཉིས་ལས་བརྒལ་བ་དང་། མང་ཚོགས་ཀྱིས་ཁྱིམ་སྒོ་ཁ་ནས་སྤུས་ལེགས་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་པར་བྱས། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་རེ་དགུ་དང་གྲངས་ཆུང་དགུ་དྲུག་ནས་ལོ་དོན་བཞི་དང་གྲངས་ཆུང་བརྒྱད་ལ་ཇེ་རིང་དུ་སོང་། ཐུམ་འབུའི་ནད་ཚགས་བཤེར་བྱས་ཚད་བརྒྱ་ཆའི་གོ་བརྒྱད་དང་གྲངས་ཆུང་གསུམ་ལ་སླེབས་པ་དང་། གཤགས་བཅོས་སྲོག་སྐྱོབ་བྱས་ཚད་བརྒྱ་ཆའི་གོ་གཉིས་ལ་སླེབས་ཤིང་། ནད་པ་ལོ་ལྔར་གསོན་གནས་བྱེད་པའི་ཚད་བརྒྱ་ཆའི་དོན་བརྒྱད་སླེབས། སྨན་བཅོས་འཇོན་མིའི་ཚོགས་སྒྲིག་རང་བཞིན་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་སྨན་ཁང་ཉི་ཤུའི་ལྟེ་གནས་ལྔ་ཡོངས་ནས་འཛུགས་སྐྲུན་བྱས་པར་མ་ཟད་ཞིབ་བཞེར་རྩིས་ལེན་བྱས་པ་དང་། མགྱོགས་མྱུར་དང་ནུས་ལྡན། ཡོངས་སུ་ཁེབས་པའི་ཉེན་བྲེལ་ལྕི་གསུམ་གྱི་སྨན་བཅོས་སྲོག་སྐྱོབ་མ་ལག་རིམ་བཞིན་དུ་གྲུབ་པར་བྱས་ལ། ཉེན་བྲལ་ལྕི་གསུམ་གྱི་ནད་པའི་སྲོག་སྐྱོབ་པའི་ནུས་པ་མཐོར་འདེགས་བཏང་སྟེ། གཞི་རིམ་གྱི་ནད་པའི་ཚེ་སྲོག་བདེ་ཐང་ཐད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས། ད་ལྟ། མཚོ་སྔོན་གྱི་ཁུལ་དྲུག་ཡོངས་སུ་རིམ་པ་གསུམ་གྱི་སྨན་ཁང་བཙུགས་ཡོད་པ་དང་། དེས་རང་ཞིང་གི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཛུགས་སྐྲུན་ཐད་ནས་ངོ་བོའི་མཆོང་བསྐྱོད་མངོན་འགྱུར་བྱུང་བ་མཚོན་ཐུབ།

མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་མཉམ་ལས་བྱ་བས་གཞི་ཁྱོན་རང་བཞིན་གྱི་ནད་རྐྱེན་དབུལ་འགྱུར་གྱི་སྣང་ཚུལ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་པ་དང་། རང་ཞིང་གི་རིགས་སོ་སོའི་མང་ཚོགས་ཀྱིས་ནད་སྟོན་ཐུབ་པ་དང་ནད་བཟང་བོ་སྟོན་ཐུབ་པའི་སྨན་བཅོས་དགོས་མཁོ་སྐོང་རྒྱུ་རྩ་བའི་ཁྲིད་ཕྱོགས་སུ་བྱས་ནས། མཚོ་སྔོན་གྱི་འཕྲོད་བསྟེན་བདེ་ཐང་ལས་དོན་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད། འཆར་གཞི་ལྡན་པ་དང་རྩ་འཛུགས་ཡོད་པའི་སྒོ་ནས་གཞི་རིམ་གྱི་སྨན་བཅོས་འཇོན་མི་སྔར་ལས་མང་པོ་རོགས་སྐྱོར་བྱེད་སའི་ཞིང་ཆེན་དང་གྲོང་ཁྱེར་དུ་ཟབ་སྦྱོང་སློབ་སྦྱོང་བྱེད་པར་མངག་གཏོང་བྱེད་པ་དང་། ཁུལ་དྲུག་གི་རང་ས་ཆའི་སྨན་བཅོས་འཇོན་མི་སྐྱེད་སྲིང་བྱེད་པའི་མ་ལག་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་རྒྱུ་ཡིན་ལ། རིམ་པ་གཉིས་དང་དེའི་ཡན་གྱི་སྨན་བཅོས་ལས་ཁུངས་ཀྱི་ཆ་འཕྲིན་ཞིང་ཆེན་རིམ་པའི་དམངས་ཡོངས་བདེ་ཐང་ཆ་འཕྲིན་སྟེགས་བུ་རུ་སྦྲེལ་མཐུད་བྱས་ནས། མཉམ་འབྲེལ་མཉམ་མཐུད་ཀྱི་གཞི་གྲངས་མཉམ་སྤྱོད་མངོན་འགྱུར་བྱེད་པ་དང་། མཉམ་འབྲེལ་དྲ་རྒྱ་དང་སྨན་བཅོས་བདེ་ཐང་འཛུགས་སྐྲུན་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།