ཟླ6ཚེས21ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་ཤེས་གསལ་ལྟར་ན། ཀྲུང་གོའི་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་ཚོང་གཏམ་གྲོས་ཚོགས་སྐབས26པ་འཚོགས་ལ་ཉེ་བའི་སྐབས་འདིར། ཐེན་ཅིན་འགྲེམས་སྟོན་ཁང་གིས་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱས་ཏེ། གྲངས་འཛིན་དཔལ་འབྱོར་དང་། སྐྱེ་དངོས་སྨན་རྫས། “ཚོང་རྟགས་རྙིང་པའི”ཚོང་དོན། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། ཐོན་ལས་མཉམ་ལས་བཅས་ཁྱབ་ཁོངས་ཆེ་གྲས་ལྔར་དམིགས་ཏེ་ཐེན་ཅིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་ཕྱོགས་ཡོངས་ནས་མངོན་པར་བྱེད་རྒྱུ་རེད།
ཤེས་གསལ་ལྟར་ན། ཐེངས་འདིའི་འགྲེམས་སྟོན་སྟེང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཐེན་ཅིན་གྲོངཁྱེར་གྱིས“ཅིན་ཀུའུ་ས་གཞི་ཆེན་མོ། པོ་ཧའེ་རྒྱ་མཚོའི་མུ་ཏིག”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེན་ཅིན་དུ་རྟོག་ཞིབ་གནང་སྐབས་བཏོན་པའི“བྱེད་མཁས་བཞི”ཡི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཐེན་ཅིན་གྱི་གསར་གཏོད་གསོན་ཤུགས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཁྱོན་ཡོངས་ནས་མངོན་པར་བྱེད་རྒྱུ་རེད།
དེའི་ཁྲོད། གྲངས་ཀའི་དཔལ་འབྱོར་ཁྱབ་ཁོངས་ནི་ཐེན་ཅིན་གྱི་གྲངས་ཀའི་དཔལ་འབྱོར་ཐོན་ལས་ཚོགས་པས་སྣེ་ཁྲིད་དེ། མིཐབས་རིག་ནུས་དང་། དངོས་ཟོག་དྲ་སྦྲེལ་སོགས་གྲངས་ཀའི་ལག་རྩལ་ཁྱབ་ཁོངས་ཐད་གསར་གཏོད་ཀྱི་གྲུབ་འབྲས་ཆེན་པོ་བླངས་ཡོད། སྐྱེ་དངོས་སྨན་རྫས་ཁྱབ་ཁོངས་ཐད་ནས་ཐེན་ཅིན་ཐེན་ཧྲི་ལི་དེང་རབས་རྒྱ་སྨན་ཐོན་ཁུངས་ཀུང་ཟིའི་དེང་རབས་རྒྱ་སྨན་ཐོན་ཁུངས་གསར་སྤེལ་དང་ཁྱད་ཆོས་ལྡན་པའི་མ་བཅོས་རྒྱུ་ཆའི་སྨན་རྫས་ཞིབ་འཇུག་གསར་སྤེལ་གྱི་གྲུབ་འབྲས་ཆེན་པོ་བླངས་ཡོད། “ཟོང་རྟགས་རྙིང་པའི”ཚོང་དོན་ཁྱབ་ཁོངས་ཐད་ནས་ཐེན་ཅིན་བཟའ་བཏུང་ཕྱིར་གཏོང་ནང་འདྲེན་ཀུང་ཟི་དང་དབྱི་ཏེ་ཁྲེང་ཝུན་སྨན་རྫས་སོགས་ཐེན་ཅིན་གྱི་ཁྱད་ཆོས་ལྡན་པའི་ཚོང་རྟགས་གཅིག་ཏུ་བསྡུས་ནས་བྲོ་བ་ཞིམ་པ་དང་ལོ་བརྒྱའི་བྲོ་སྨན་རིག་གནས་ཉམས་ལེན་མཁོ་འདོན་བྱས་ཡོད། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཐད་ནས་ཧའེ་མུའུ་ཁང་སྐྱེ་དངོས་དང་། རྒྱལ་ཁབ་ཁོར་ཡུག་གྲོན་ཆུང་། མའེ་ཀོ་ལུས་རྩལ་བཅས་ཁེ་ལས་གསུམ་གྱིས་ཉ་གསོ་ལས་རིགས་རྒྱུན་མཐུད་གསར་སྤེལ་དང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། དེ་བཞིན་ནུས་རྒྱུ་གྲོན་ཆུང་ལག་རྩལ་གྱི་ལྗང་མདོག་འཕེལ་རྒྱས་བཅས་ཀྱི་ལག་ལེན་སོ་སོར་མངོན་པར་བྱས་ཡོད། ཐོན་ལས་མཉམ་ལས་ཁྱབ་ཁོངས་ནས་མཚོ་སྔོན་དང་མཉམ་ལས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ། ཁ་གཏད་རོགས་སྐྱོར་གྱི་དཔེ་མཚོན་ཁེ་ལས་མཚོ་སྔོན་ཙང་ཀྲི་ཅའོ་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་ཟིའི་མུའུ་སྟོང་གི་ནས་ནག་རྟེན་གཞི་དང་དེ་བཞིན་ལས་སྣོན་ཞིབ་ཚགས་ཀྱི་ཐོན་རྫས་རབ་དང་རིམ་པ་གཙོ་གནད་དུ་བཞག་ནས་མངོན་པར་བྱེད་རྒྱུ་རེད།
ཧུར་ཐག་སྒོས་ཐོན་ལས་ཀྱི་གྲངས་འཛིན་གདོང་ལེན་པ་དང་། བདེ་ཐང་སྲུང་སྐྱོང་གི་སྨན་བཅོས་སྟོབས་ཤུགས་ལ་སྲུང་སྐྱོབ་བྱེད་མཁན། ལོ་བརྒྱའི་ཟོང་རྟགས་རྙིང་པ་རྒྱུན་འཛིན་དང་གསར་གཏོད་བྱེད་པ། ལྗང་མདོག་གི་ཁོར་ཡུག་སྲུང་སྐྱོང་ཇུས་གཞི་ལག་བསྟར་དང་མཉམ་ལས་གཏིང་ཟབ་བྱེད་པར་ཐེན་ཅིན་གྱི་ཐོན་ལས་སྟོབས་ཤུགས་འབུལ་རྒྱུ་ཡིན་པ་མ་ཟད། ཐེན་ཅིན་དང་མཚོ་སྔོན་གཉིས་ཀྱིས་ལག་རྩལ་མཉམ་ལས་དང་། ཁྲོམ་རའི་བརྗེ་རེས། ཐོན་ལས་གསབ་རེས་བཅས་སྔར་ལས་ལྷག་པའི་སྒོ་ནས་ཇེ་ཟབ་ཏུ་བཏང་སྟེ། ནུས་པ་ལྡན་པའི་ལས་སྟེགས་བསྐྲུན་ཏེ་ས་ཁོངས་མཉམ་ལས་ཀྱི་རྣམ་པ་གསར་བ་གཏོད་རྒྱུ་རེད།
ཚེ་མགོན་རྒྱལ་གྱིས་བསྒྱུར།