ཟླ6པའི་ཚེས20ཉིན། གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས2025ལོའི་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་བཞི་སྟོང་བདུན་བརྩོན་ལེན་བྱས་ནས། གཞུང་སྒྲུབ་རྒན་གསོ་བཅོལ་སྐྱོང་ཞབས་ཞུ་ལས་ཁུངས་བརྒྱད་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞི་དེ་དག་འཛུགས་སྐྲུན་བྱས་རྗེས། རྒན་གསོའི་ཉལ་ཁྲི་ཉིས་བརྒྱ་དང་བྱིས་པའི་བཅོལ་གནས་བདུན་བརྒྱ་དང་གོ་ལྔ་ཇེ་མང་དུ་འགྲོ་བ་དང་། སྔོན་རྩིས་ལྟར་ན། ལོ་མཇུག་ལ་ཐོན་དུས་རྒན་གསོ་ལས་ཁུངས་ཀྱི་ནད་གཡོག་རང་བཞིན་གྱི་ཉལ་ཁྲིའི་ཟིན་ཚད་བརྒྱ་ཆའི་དྲུག་ཅུར་སླེབས་པ་དང་། མི་སྟོང་རེར་ལོ་གསུམ་མན་གྱི་བྱིས་པའི་བཅོལ་གནས་ཡོད་པའི་གྲངས་ཀ་བཞི་དང་གྲངས་ཆུང་ལྔར་སླེབས་ངེས་ལ། སྲིད་གཞུང་གིས་གཞི་རྩར་འགན་སྲུང་བྱེད་པ་དང་སྤྱི་ཚོགས་སྣ་མང་ཟབ་ཞུགས་བྱེད་པ། དམངས་ཡོངས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་བྱེད་པའི་རྒན་གསོ་བཅོལ་སྐྱོང་ཞབས་ཞུའི་མཁོ་འདོན་རྣམ་པ་ཧ་ལམ་གྲུབ་པར་བྱེད་རྒྱུ་རེད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་དུ། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མི་གྲངས་རྒན་འགྱུར་ཅན་ལ་ཁ་གཏད་འཇལ་བའི་རྒྱལ་ཁབ་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་པ་དང་། རང་ཞིང་གི་རྒན་གསོ་ཞབས་ཞུའི་སྒྲིག་ཆས་ཚད་གཞི་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་ཅུང་དམའ་བ་དང་། བཅོལ་སྐྱོང་ཞབས་ཞུའི་སྒྲིག་ཆས་ཀྱི་ནུས་ལྡན་མཁོ་འདོན་མི་འདང་བ་སོགས་ཀྱི་འབུར་ཐོན་གནད་དོན་ལ་དམིགས་ནས། རྟོག་ཞིབ་ཟབ་མོ་བྱས་པ་དང་མ་ལག་སྒོས་ཇུས་འགོད་བྱས་ལ། མ་དངུལ་གཏོང་ཚད་རྒྱུན་མཐུད་ངང་ཇེ་མང་དུ་བཏང་བ་དང་། ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ཞིང་། ཞབས་ཞུའི་མཁོ་འདོན་ལེགས་བསྒྱུར་བྱས། ལས་གཞི་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་དམངས་སྲིད་དང་འཕྲོད་བསྟེན་བདེ་ཐང་སྡེ་ཁག་དང་མཉམ་དུ། ལས་གཞིའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། ཟླ་ལྟར་ལས་གཞི་ལག་བསྟར་དང་དངུལ་གཏོང་འགྲུབ་ཚད། མ་དངུལ་སྟེར་བ་སོགས་ཀྱི་བྱ་བ་སྤེལ་ཚད་ལ་བཀོད་གཏོང་བྱེད་པ། ལས་གཞི་དུས་བཀག་ལྟར་ཡོངས་འགྲུབ་བྱས་ནས་བཀོལ་སྤྱོད་བྱེད་རྒྱུར་ཁག་ཐེག་བྱེད་པ། དུས་ཐོག་ཏུ་དངུལ་གཏོང་ཕན་འབྲས་འདོན་སྤེལ་བྱས་ཏེ། རང་ཞིང་གི་རྒན་གསོ་བཅོལ་སྐྱོང་ཞབས་ཞུ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།