ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཐེངས་བདུན་པའི་སྐོར་གཟིགས་ཕྱིར་ལྡོག་ལེགས་འགྲུབ་བྱུང་།
2025.06.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཐེངས་བདུན་པའི་སྐོར་གཟིགས་ཕྱིར་ལྡོག་བྱ་བ་ཉེ་ཆར་ཡོངས་སུ་ལེགས་འགྲུབ་བྱུང་། ཟླ6པའི་ཚེས19ཉིན། ཞིང་ཆེན་ཏང་ཨུའི་སྐོར་གཟིགས་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཁྱབ་ཁོངས་བགོས་ནས་བསམ་བློའི་རིག་གནས་དང་སློབ་གསོ། འགྲིམ་འགྲུལ། ཆུ་བེད་བཅས་དྲིལ་སྒྲོག་གི་གཅིག་བསྡུས་ཕྱིར་ལྡོག་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུའི་སྟེང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་ཐེངས་བདུན་པའི་སྐོར་གཟིགས་གནས་ཚུལ་གྱི་སྙན་ཞུར་ཉན་སྐབས་ཀྱི་གཏམ་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། ལེགས་བཅོས་དམ་འཛིན་བྱེད་པའི་བླང་བྱ་བཏོན། ཟླ6པའི་ཚེས19ཉིན་ནས་ཚེས23ཉིན་བར། ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཚན་ཆུང་ལྔ་ཡིས་སོ་སོར་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་སྒོ་འབྱེད་སློབ་ཆེན་གྱི་ཏང་ཙུའུ་བཅས་ལ་གཅིག་གཏད་གཅིག་གི་ཕྱིར་ལྡོག་བྱས་ཏེ། སྐོར་གཟིགས་བྱས་པའི་ཏང་རྩ་འཛུགས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དང་འགོ་ཁྲིད་ཚན་ཆུང་ལ་སྐོར་གཟིགས་གནས་ཚུལ་ཕྱིར་ལྡོག་བྱས།

ཕྱིར་ལྡོག་ནན་མོ་བྱས་ནས་སྐོར་གཟིགས་བྱས་པའི་ཏང་རྩ་འཛུགས་ཀྱི་གནད་དོན་གསལ་སྟོན་བྱས་པ་སྟེ། ལ་ལས་ཏང་གི་གསར་གཏོད་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱས་པར་ཧེ་བག་ཡོད་པ་དང་། རིག་གནས་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་གཅིག་འདོམས་མཛུབ་སྟོན་དོན་འཁྱོལ་བྱས་མེད་པ། འདུ་ཤེས་འཛིན་སྟབས་བྱ་བའི་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱས་པར་མི་འདང་ས་ཡོད་པ། རྒྱལ་དབང་རིག་གནས་ཁེ་ལས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བར་དཀའ་ཁག་ཡོད་པ་དང་ཚུལ་སྒྱུར་འཕེལ་རྒྱས་རྗེས་ལུས་ཡིན་པ། ལ་ལས་ཏང་ཀྲུང་དབྱང་གི་འབྲེལ་ཡོད་འགྲིམ་འགྲུལ་གྱི་སྟོབས་ལྡན་རྒྱལ་ཁབ་དང་ཆུ་ལ་བཅོས་སྐྱོང་བྱེད་པའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པར་ཧེ་བག་ཡོད་པ་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་ལ་མི་མངོན་པའི་རྐྱེན་ངན་ཡོད་པ། ནང་ཁུལ་ནས་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་ཆ་འཕྲིན་ཅན་མ་ལག་བར་འབྲེལ་མཐུད་མི་བྱེད་པ། ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་སྔར་བཞིན་ཤུགས་སྣོན་རྒྱག་དགོས་པ། ལ་ལས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱས་པ་གནད་འཁེལ་མིན་པ། གྱོད་གཞིར་བརྟེན་ནས་ལེགས་བཅོས་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱ་བ་བསྒྲུབ་མེད་པ། ཁྲིམས་འགལ་འགྲིག་འགལ་གནད་དོན་མང་པོ་འབྱུང་བཞིན་པ། ལ་ལས་ཏང་གིས་སློབ་གྲྭ་ཆེན་མོའི་བྱ་བའི་ཕྱོགས་ཡོངས་འགོ་ཁྲིད་དོན་འཁྱོལ་བྱས་པ་གནད་འཁེལ་མིན་པ་དང་། སློབ་གྲྭ་ཆེན་མོའི་ཕྱོགས་བསྡུས་བཅོས་སྒྱུར་ལ་སྐུལ་འདེད་བཏང་བའི་ཕན་འབྲས་མངོན་གསལ་མིན་པ། བསམ་བློ་ཆབ་སྲིད་སློབ་གསོར་ཉམས་ཞན་གྱི་གོ་རིམ་ལྡན་པ། ལ་ལས་སློབ་གསོ་འདྲ་མཉམ་ལ་སྐུལ་འདེད་བཏང་བར་ཧེ་བག་ཡོད་པ་དང་། འགྲིག་འགལ་གྱིས་སློབ་མ་བསྡུ་བ་དང་སློབ་ལྭ་ཉོ་བ། སློབ་ཁྲིད་ཟུར་ཁྲིད་རྒྱུ་ཆ་བླུ་བ་སོགས་ཀྱི་གནད་དོན་ལན་རེར་འབྱུང་བཞིན་ཡོད་པ། སློབ་རའི་ཟ་མའི་དོ་དམ་གནད་འཁེལ་མིན་པ། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྲུན་ལ་མི་འདང་ས་ཡོད་པ་སོགས་འདུས་ཡོད།

ཕྱིར་ལྡོག་ལས་ནན་གྱིས་བསྟན་དོན། སྐོར་གཟིགས་བྱས་པའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་གཟིགས་ལེགས་བཅོས་ཀྱི་རྒྱས་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཙུའུ་ཡིས་སྐོར་གཟིགས་ལེགས་བཅོས་ཀྱི་འགན་འཁྲི་གཙོ་བོ་མཐའ་གཅིག་ཏུ་དང་ལེན་བྱེད་པ་དང་། ལེགས་བཅོས་བྱ་བའི་བརྒྱུད་རིམ་ཧྲིལ་བོའི་འགོ་ཁྲིད་དང་། ལྟ་སྐུལ་མཛུབ་སྟོན། འགག་སྒོ་དམ་འཛིན་བཅས་ལ་ཤུགས་སྣོན་པ། ལྷག་པར་དུ་ཧྲུའུ་ཅི་ཡིས་འགན་ཁུར་མི་སྣ་གཙོ་བོའི་འགན་འཁྲི་འཁུར་བ་དང་། ཚན་ཁག་གི་ཁོངས་མིས་ལས་གནས་གཅིག་ལ་འགན་འཁྲི་གཉིས་ལག་བསྟར་ནན་མོ་བྱེད་དགོས། གཅིག་ཤེས་ཀུན་གྲོལ་གྱིས་ལེགས་བཅོས་དམ་འཛིན་བྱེད་པ་དང་། སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་རྩ་འཛིན་ཁུངས་བཅོས་བྱེད་པ། མྱུར་དུ་བཅོས་སྒྱུར་བྱེད་པ་དང་ཡུན་རིང་བྱས་རྗེས་འཇོག་པ་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ། བྱ་བ་གཅིག་ཐག་གཅོད་བྱས་ནས་བྱ་བ་རིགས་གཅིག་བསྒྲུབ་པ་བརྒྱུད། ཆོས་ཉིད་ཕྱོགས་སྡོམ་དང་། ལམ་ལུགས་འཐུས་ཚང་། ཞན་ཆ་ཁ་གསབ། མི་འདང་སར་ཁ་སྣོན་བཅས་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཁག་གིས་སྐོར་གཟིགས་ལེགས་བཅོས་ཀྱི་ཉིན་རྒྱུན་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། སླ་བཅོས་ཐག་གཅོད་དང་རྫུན་བཟོ་ལེགས་བཅོས་བྱས་པའི་འགན་འཁྲི་བདའ་འདེད་བྱེད་དགོས།

སྐོར་གཟིགས་བྱས་པའི་ཏང་རྩ་འཛུགས་ཀྱི་འགན་འཁྲི་མི་སྣ་གཙོ་བོས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཕྱིར་ལྡོག་བསམ་འཆར་ལྷག་བསམ་རྣམ་དག་གིས་དང་ལེན་བྱེད་པ་དང་ཚང་མ་ཁས་ལེན་བྱས་ཏེ། སྐོར་གཟིགས་ལེགས་བཅོས་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩི་བ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་རིམ་པ་སོ་སོའི་འགན་འཁྲི་དངོས་འབེབས་བྱེད་པ། སྐོར་གཟིགས་ཀྱི་གྲུབ་འབྲས་བེད་སྤྱོད་ལེགས་པོ་བྱས་ནས། ལེགས་བཅོས་གཏིང་ཟབ་ཏུ་སྤེལ་བར་ཇི་མ་ཇི་བཞིན་དུ་སྐུལ་འདེད་གཏོང་བ་དང་། སྐོར་གཟིགས་ཀྱི་མཇུག་མཐའི་བྱ་བ་ལེགས་པོར་བསྒྲུབ་དགོས། 

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་འགན་བགོས་འགོ་ཁྲིད་རྣམས་ཕྱིར་ལྡོག་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་སྐོར་གཟིགས་ཚན་ཆུང་སོ་སོའི་ཚན་གཙོ་དང་ཚན་གཙོ་གཞོན་པ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་རྩ་འཛུགས་པུའུ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཏང་ཨུའི་སྐོར་གཟིགས་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་སོ་སོ་ཕྱིར་ལྡོག་ཚོགས་འདུར་ཞུགས།

ལྷ་མོ་འཚོས་བསྒྱུར།