ཟླ6ཚེས23ཉིན། 《མཚོ་སྔོན་ནི་ཅི་འདྲ་ཞིག་ཡིན》ཞེས་པའི་དཔེ་དེབ་པར་སྐྲུན་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་འདུའི་སྟེང་དཔེ་དེབ་དེ་པར་སྐྲུན་བྱས་པའི་དོན་སྙིང་དང་མཚོ་སྔོན་གྱི་པར་སྐྲུན་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་གྲོས་བསྡུར་གཏིང་ཟབ་བྱས།
ཚོགས་འདུའི་སྟེང《མཚོ་སྔོན་ནི་ཅི་འདྲ་ཞིག་ཡིན》ཞེས་པའི་དཔེ་དེབ་དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་ལག་བསྟར་བྱེད་པར་དམིགས་ཏེ། པར་རིས་དང་ཡི་གེ་གཉིས་ལྡན་གྱི་རྣམ་པའི་ཐོག་ནས་མཚོ་སྔོན་གྱི་མི་རིགས་སོ་སོའི་བུ་ཕྲུག་ཚོས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ཤིང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ལ་བཀའ་དྲིན་ཞུ་བ་མངོན་པར་མཚོན་པ་དང་། མཚོ་སྔོན་གྱིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བླངས་པའི་གྲུབ་འབྲས་མངོན་གསལ་མངོན་པ། བསམ་བློའི་རིན་ཐང་དང་། རིག་གནས་རིན་ཐང་། སྤྱི་ཚོགས་ཀྱི་རིན་ཐང་བཅས་ཧ་ཅང་ཆེན་པོ་ལྡན།
ཚོགས་འདུ་ལས་བསྟན་དོན། དཔེ་དེབ་འདི་པར་སྐྲུན་བྱེད་པ་གོ་སྐབས་སུ་བརྩིས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། མཚོ་སྔོན་ལ་རྐང་བཙུགས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་འཕེལ་རིམ་གསར་བ་དང་ཐོད་བརྒལ་གསར་བ་མཚོན་པའི་དཔེ་དེབ་སྐོར་ཞིག་སྤེལ་ཡོད། མཚོ་སྔོན་གྱི་ཕུལ་བྱུང་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། བདམས་བྱང་ཇུས་འགོད་ལ་ཤུགས་སྣོན་བྱེད་པ། སྤུས་ལེགས་འདུ་ཤེས་པར་སྐྲུན་གྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་དགོས། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་རིག་གནས་དགོས་མཁོ་བསྐོང་བ། པར་སྐྲུན་རྣམ་པ་གསར་གཏོད་བྱེད་པ། IPའཁོར་སྐྱོད་བསམ་གཞིགས་སྲ་སྒྱུར་བྱེད་པ། པར་སྐྲུན་དང་སྨྱན་བྱད་གསར་བ། ཕྱིར་འཚོང་བཅས་གཞི་གཅིག་གི་རྣམ་པ་འཛུགས་སྐྲུན་བྱེད་པ། གློག་རྡུལ་དཔེ་དེབ་དང་སྒྲ་ལྡན་དཔེ་དེབ་སོགས་སྨྱན་མང་གཟུགས་ཀྱི་ཐོན་རྫས་གསར་སྤེལ་བྱེད་པ། པར་སྐྲུན་དང་གསར་རྩོམ། རིག་གནས་ཡུལ་སྐོར་གཞི་གཅིག་ཅན་གྱི་ཐོན་ལས་སྦྲེལ་ཐག་རྒྱུན་བསྲིང་བ། བསམ་བློ་ཡོད་པ་དང་དྲོན་ཁོལ་འཛོམས་པ། སྤུས་ཚད་ལྡན་པའི་དཔེ་སྐྲུན་ཐོན་རྫས་སྔར་ལས་མང་པོ་བཏོན་ནས། རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན་གྱི་སྤུས་རྟགས་མིང་གྲགས་སྔར་ལས་རྒྱས་པར་བྱས་ཏེ་རབ་མཛེས་མཚོ་སྔོན་གྱི་གཏམ་རྒྱུད་བརྒྱུད་བསྒྲགས་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས།
ཚོགས་འདུའི་སྟེང་། སྡུད་སྒྲིག་དང་པར་སྐྲུན་ལས་ཁུངས་དང་ཞིང་ཆེན་རིམ་པའི་རིག་གནས་ལས་རིགས་ཀྱི་འཐུས་ཚབ་ཀྱིས་དཔེ་དེབ་ནང་དོན་ལ་དམིགས་ནས་བརྗེ་རེས་སྤེལ། པར་སྐྲུན་ལས་ཁུངས་ཀྱིས་ཡུལ་དངོངས་ནས་མཚོ་སྔོན་ཞིང་ཆེན་དཔེ་མཛོད་ཁང་དང་། ཟི་ལིང་གྲོང་ཁྱེར་དཔེ་མཛོད་ཁང་ལ་དཔེ་དེབ་འདི་ཞལ་འདེབས་སུ་ཕུལ།
ཤ་བོ་གསེར་མཚོས་བསྒྱུར།