《མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་སྐྲུན་པའི་སྤྱིའི་ཇུས་འགོད》ལ་རྩིས་ལེན་ཞིབ་བཤེར་བྱས།
2025.06.24 ཁུངས། ཀློག་གྲངས། 0

ཟླ6ཚེས16ཉིན། 《མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་སྐྲུན་པའི་སྤྱིའི་ཇུས་འགོད》ལ་རྩིས་ལེན་ཞིབ་བཤེར་བྱས། 

རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་སྐྲུན་རྒྱུ་ནི་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་སྤྲད་པའི་འགན་འཁྲི་གལ་ཆེན་དང་ཆབ་སྲིད་ལས་འགན་ཡིན་ལ། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་ངེས་བླང་བྱ་ཡིན། 《སྤྱིའི་ཇུས་འགོད》ནི་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་སྐྲུན་པའི་འཐབ་ཇུས་རང་བཞིན་དང་ཆེ་མཐོང་རང་བཞིན། རྩ་འཛིན་རང་བཞིན་གྱི་མཛུབ་སྟོན་ཡིག་ཆ་ཡིན་ལ། སྐྱེ་ཁམས་ཡུལ་སྐོར་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་རྨང་གཞིའི་འགན་སྲུང་ཡང་ཡིན། སྤྱིའི་ཇུས་འགོད》ཀྱིས་སྔ་གཞུག་ཐེངས་གཉིས་ལ་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཆ་སྐྲུན་པའི་འཆར་འགོད་མ་ལག་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་འབྲེལ་ཡོད་ཐད་གཏོགས་ལས་ཁུངས་དང་གྲོང་ཁྱེར་དང་ཁུལ་སོ་སོའི་རིག་གནས་ཡུལ་སྐོར་སྡེ་ཁག་གི་བསམ་འཆར་དང་གྲོས་གཞི་སྡུད་ལེན་བྱེད་པའི་རྨང་གཞིའི་སྟེང་། བསམ་འཆར་དང་གྲོས་གཞི་ཉིས་བརྒྱ་ལྷག་སྡུད་རུབ་བྱས་པ་དང་། ཐེངས་མང་པོར་ཡང་དང་བསྐྱར་དུ་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་བར་མ་ཟད། ཀྲུང་གོའི་ཡུལ་སྐོར་ཞིབ་འཇུག་གླིང་དང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཡུལ་སྐོར་ཆེད་མཁས་བློ་འདྲི་ཨུ་ཡོན་ལྷན་ཁང་གིས་བློ་འདྲི་རང་བཞིན་གྱི་ཞིབ་བཤེར་བྱས་པ་བརྒྱུད། དེའི་མཛུབ་སྟོན་བསམ་བློ་དང་རྩ་དོན། ངེས་གནས། དམིགས་འབེན་བཅས་རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་མཚོ་སྔོན་གྱི་དོན་དངོས་དང་མཐུན་ཞིང་། སྤྱིའི་ཇུས་འགོད་ཚན་རིག་དང་མཐུན་ལ། ལས་འགན་གཙོ་བོ་དང་བྱེད་ཐབས་ལས་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་ཞབས་ཞུ། ཐོན་ཁུངས་ཁྲིད་ཕྱོགས་དང་ཁྲོམ་རའི་ཁྲིད་ཕྱོགས། ཡུལ་སྐོར་འཕེལ་རྒྱས་དང་རིག་གནས་སྔོག་འདོན། ཐོན་རྫས་མ་ལག་དང་ཞབས་ཞུའི་མ་ལག་ཕན་ཚུན་ཟུང་འབྲེལ་གྱི་རྩ་དོན་མངོན་པར་བྱས་ཡོད་པས། གསར་སྐྲུན་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཅུང་དྲག་པོ་ལྡན།

ཞིབ་བཤེར་ཚན་ཆུང་གི་ཆེད་མཁས་པས་ནན་གྱིས་བསྟན་དོན། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་ཀྱིས་ཁྲིད་སྟོན་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། སྲུང་སྐྱོང་དང་འཕེལ་རྒྱས། བེད་སྤྱོད། ལྡོག་གསོ་ལེགས་པོར་བསྒྲུབ་སྟེ། ཡུལ་སྐོར་ཐོན་ཁུངས་བཀོལ་སྤྱོད་ལུགས་མཐུན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་ཟུང་འབྲེལ་བྱེད་པ་མངོན་འགྱུར་བྱེད་དགོས། ས་ཁུལ་སོ་སོའི་རང་བྱུང་ཆོས་ཉིད་ལ་བསམ་གཞིགས་གང་ལེགས་བཏང་སྟེ་མི་འདང་ས་ཁ་གསབ་དང་ཞན་ཆ་གསབ་པ། ས་ཁུལ་དབྱེ་བ། རིམ་པ་བགར་བར་དམིགས་ནས་སྤུས་ལེགས་དང་སྣ་མང་ཅན། ཁྱད་ཆོས་ཅན་གྱི་ཡུལ་སྐོར་ཐོན་རྫས་སྐྲུན་དགོས། དེ་དང་ཆབས་ཅིག ཆེད་མཁས་ཚན་ཆུང་གིས་རང་སྐོར་ལྗོངས་རྒྱུ་ཞབས་ཞུའི་མ་ལག་དང་ཐོན་རྫས་མ་ལག གཞིས་ཁུལ་གྱི་ཟབ་ཞུགས་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ནུས་ཤུགས་ཡོད་རྒུས་དམངས་འཚོ་ལེགས་སྒྱུར་བྱེད་པ་སོགས་ཕྱོགས་ལ་སྤྱོད་ཆོག་པའི་རང་བཞིན་གྱི་བསམ་འཆར་བཏོན། 

ཤ་བོ་གསེར་མཚོས་བསྒྱུར།