མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱིས“སེ་འབྲུའི་མེ་ཏོག་འཚར་ལོངས་ཀྱི་ལམ་དུ་བཞད”དང“འབྲེལ་འདྲིས་གསུམ”གྱི་བྱེད་སྒོ་སྤེལ་འགོ་བརྩམས།
2025.06.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6ཚེས23ཉིན། 2025ལོའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི“སེ་འབྲུའི་མེ་ཏོག་འཚར་ལོངས་ཀྱི་ལམ་དུ་བཞད”དང“འབྲེལ་འདྲིས་གསུམ”གྱི་བྱེད་སྒོ་དངོས་སུ་སྤེལ་འགོ་བརྩམས། གུང་གཞོན་ཚོགས་པ་མགོ་ལོག་ཁུལ་ཏང་ཨུའི་མཉམ་འབྲེལ་གནས་རྨ་ཆེན་རྫོང་དྭངས་ལག་ཡུལ་ཚོའི་དགོན་ལུང་སྡེ་བའི་ཕུལ་བྱུང་ན་གཞོན་ལོ་ཆུང20ཧྲང་ཧའེ་རུ་ཞིབ་འཇུག་དང་སློབ་སྦྱོང་བརྗེ་རེས་བྱེད་པའི་ལམ་དུ་བསྐྱོད།

མཛེས་སྡུག་གི་ཚོགས་དར་འོག སློབ་མའི་འཐུས་མིས་སྙིང་སྟོབས་ཆེན་པོས་བྱེད་སྒོའི་དར་ཆ་བླངས། དེའི་རྗེས་སུ། སློབ་མ་གཅིག་རྗེས་གཉིས་མཐུད་ངང་རླངས་འཁོར་དུ་བསྡད་ནས་ལམ་ལ་ཆས། སློབ་མ་བྱང་མཚོ་ཡིས་བཤད་རྒྱུར། ཧྲང་ཧའེ་ལ་བརྗེ་རེས་སློབ་སྦྱོང་བྱེད་དུ་འགྲོ་བའི་རྩ་ཆེའི་གོ་སྐབས་ཤིག་ཐོབ་པར་ཧ་ཅང་དགའ་པོ་བྱུང་། ཁོ་མོས་ཕ་ཡུལ་མི་དམངས་ཀྱི་རེ་བ་ཁྱེར་ནས་སྤྲོ་སེམས་ཆེན་པོ་ལྡན་པའི་སྒོ་ནས་བྱེད་སྒོའི་ནང་ཞུགས་པ་དང་། སྒྲིག་ལམ་བརྩི་སྲུང་ནན་མོ་དང་སློབ་སྦྱོང་ལ་འབད་པ། བརྗེ་རེས་ཧུར་ཐག་བཅས་བྱས་ཏེ། མགོ་ལོག་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་ཧུར་བརྩོན་ཡར་རྒྱས་ཀྱི་བསམ་པའི་རྣམ་པ་གང་ལེགས་སྒོས་མངོན་པར་བྱས་ནས། ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་གི་བརྗེ་རེས་དང་ཕ་ཡུལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

གུང་གཞོན་ཚོགས་པ་མགོ་ལོག་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བཀྲ་ཤིས་དོན་འགྲུབ་ཀྱིས་བཤད་རྒྱུར། ཐེངས་འདིའི“སེ་འབྲུའི་མེ་ཏོག་འཚར་ལོངས་ཀྱི་ལམ་དུ་བཞད”དང“འབྲེལ་འདྲིས་གསུམ”གྱི་བྱ་འགུལ་ལ་དོན་སྙིང་ཆེན་པོ་ལྡན། ཧྲང་ཧའེ་དང་མཚོ་སྔོན་ས་གནས་གཉིས་ཀྱི་གཞོན་ནུ་ལོ་ཆུང་བར་འབྲེལ་གཏུག་བྱེད་པའི་ཟམ་པ་བསྐྲུན་ནས། མགོ་ལོག་གི་གཞོན་ནུ་ལོ་ཆུང་གིས་ཧྲང་ཧའེ་ཡི་འཕེལ་རྒྱས་ཀྱི་འཕར་རྩ་དང་རིག་གནས་ཀྱི་རྨང་གཞི་དངོས་སུ་ཉམས་ལེན་དང་ཤེས་རྟོགས་ཐུབ་པ་བྱས་ཏེ། མིག་རྒྱ་ཆེ་རུ་གཏོང་བ་དང་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།    མི་རིགས་མཐུན་སྒྲིལ་སློབ་གསོ་སྔར་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བཙུགས། དེ་དང་ཆབས་ཅིག ས་ཁོངས་བརྒལ་བའི་བརྗེ་རེས་བྱ་འགུལ་སྤེལ་བ་བརྒྱུད། སྔོན་ཐོན་ས་ཁུལ་གྱི་འཕེལ་རྒྱས་ཉམས་མྱོང་བསྡུ་ལེན་བྱས་ནས། མགོ་ལོག་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནུས་པ་འདོན་སྤྲོད་བྱེད་དགོས་ཟེར།

ཤ་བོ་རིན་མཚོས་བསྒྱུར།