མཚོ་སྔོན་དུ་རྡོ་ཆས་རྙིང་མ་དང་སྲོག་ཆགས་ཀྱི་འགྱུར་རྡོའི་གནས་ཡུལ4རྙེད།
2025.06.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ6པའི་ཚེས23ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་ཀྲུང་གོའི་ཚན་རིག་ཁང་གནའ་བོའི་སྒལ་རིས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གིས་མཉམ་འབྲེལ་གྱིས་གནའ་རྫས་རྟོག་ཞིབ་རུ་ཁག་བཙུགས་ནས། མཚོ་སྔོན་གྱི་བྱང་ཤར་རྒྱུད་དུ་དུས་ཡུན་ཐུང་ངུའི་རྡོ་ཆས་རྙིང་མའི་གནའ་རྫས་རྟོག་ཞིབ་ཀྱི་ཆེད་དོན་བརྟག་དཔྱད་བྱས་ཏེ། སྔ་རྗེས་སུ་རྡོ་ཆས་རྙིང་མ་དང་སྲོག་ཆགས་ཀྱི་འགྱུར་རྡོ4ཡི་གནས་ཡུལ་རྙེད་པ་གཏན་འཁེལ་བྱས།

རྨ་ཙོང་གཞོང་ས་ནི་དུས་རབས་གསར་འགྱུར་གྱི་སྐབས་སུ་གནའ་བོའི་མིའི་རིགས་གནས་སྤོ་ཁྱབ་མཆེད་དང་རིག་གནས་འཕེལ་རྒྱས་ཁྱབ་མཆེད་ཀྱི་ས་ཁུལ་དང་རྒྱུ་ལམ་གལ་ཆེན་ཞིག་རེད། ཐེངས་འདིའི་བརྟག་དཔྱད་ཀྱི་དམིགས་ཡུལ་ནི་མཚོ་སྔོན་ཤར་རྒྱུད་ས་ཁུལ་སྟེ། ལྷག་པར་དུ་རྨ་ཆུའི་ཆུ་རྒྱུན་དང་ཙོང་ཆུའི་ཆུ་ལག་གི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་རིག་དངོས་ཐོན་ཁུངས་ཀྱི་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་།  ས་ཁོངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཉམས་ཞན་གྱི་རྣམ་པར་ཤུགས་སྣོན་བརྒྱབ་སྟེ་མཚོ་སྔོན་ས་ཁུལ་གྱི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སྔར་ལས་གཏིང་ཟབ་ཏུ་གཏང་རྒྱུ་དེ་རེད། མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་རྨ་ཙོང་གཞོང་ས་རུ་རྡོ་ཆས་རྙིང་མའི་གནའ་རྫས་རྟོག་ཞིབ་བྱ་བ་སྒྲུབ་པ་དང་། བརྟག་དཔྱད་ས་ཁོངས་སུ་རིག་གནས་ཤུལ་བཞག་ཁྱབ་ཚུལ་སྣ་མང་ཡོད་པ་དང་། ཞིབ་འཇུག་བྱེད་ཆོག་པའི་གནའ་རྫས་རྟོག་ཞིབ་ཤུལ་བཞག་ཁག་ཅིག་རྙེད་ཡོད།  ཐེངས་འདིའི་རྡོ་ཆས་རྙིང་མའི་གནའ་རྫས་རྟོག་ཞིབ་ཆེད་དོན་གྱི་བརྟག་དཔྱད་ལས་དོན་གྱིས་མདོ་དབུས་མཐོ་སྒང་གི་ཤར་རྒྱུད་ས་ཁོངས་ཀྱི་རྨ་ཙོང་གཞོང་ས་རུ་གནའ་བོའི་མིའི་རིགས་འགུལ་སྐྱོད་ཀྱི་ཁྱབ་ཁོངས་ཤེས་རྟོགས་འབྱུང་ཐུབ།

ཐེངས་འདིར་བརྟག་དཔྱད་བྱས་པ་དེས་མཚོ་སྔོན་ཤར་རྒྱུད་ས་ཁུལ་གྱི་མིའི་རིགས་ཀྱི་འགུལ་སྐྱོད་ལོ་རྒྱུས་ལ་ངོས་འཛིན་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པར་མ་ཟད། མདོ་དབུས་མཐོ་སྒང་དང་ཐ་ན་ཨེ་ཤ་ཡ་བྱང་རྒྱུད་ས་ཁུལ་གྱི་གསར་འགྱུར་དུས་སྐབས་ཀྱི་གནའ་བོའི་མིའི་རིགས་ཀྱི་འཚོ་གནས་འགུལ་སྐྱོད་དང་། མི་ཚོགས་གནས་སྤོས་ཁྱབ་འགྱུར། རིག་གནས་བརྗེ་རེས་སོགས་ཚན་རིག་གི་གནད་དོན་ལ་ཞིབ་འཇུག་དང་དཔྱད་བསྡུར་བྱེད་པར་དཔྱད་གཞི་དང་ལྟ་སྟངས་གསར་པ་མཁོ་འདོན་བྱས་ཡོད། བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བའི་རྡོ་ཆས་རྙིང་མ་དང་སྲོག་ཆགས་ཀྱི་འགྱུར་རྡོའི་ཁྱབ་ཁོངས་ནི།  མིན་ཧོ་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དང་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་གི་ཁོངས་གཏོགས་སུ་གཅིག་སྡུད་ངང་ཁྱབ་ཡོད། མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ས་ཁོངས་དེར་མུ་མཐུད་དུ་རྒྱུད་རིམ་ལྡན་པའི་གནའ་རྫས་རྟོག་ཞིབ་དང་ཞིབ་འཇུག་ལས་དོན་སྒྲུབ་ནས།   ས་ཁོངས་དེའི་གནའ་རྫས་རྟོག་ཞིབ་ལོ་རིམ་དང་རིག་གནས་ནང་དོན་རྒྱུན་ཆད་མེད་པར་འཐུས་ཚང་དང་ཕུན་སུམ་ཇེ་ཚོགས་སུ་གཏང་རྒྱུ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།