ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ཆེད་ཁེ་ཡར་སྐུལ་དང་སྲུང་སྐྱོབ་སྲོལ་ཡིག་བཟོ་བཅོས་པར་གཞི་ལ་ཁྲིམས་འཛུགས་རྟོག་ཞིབ་སྤེལ།
2025.07.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ6པའི་ཚེས24ཉིན་ནས་ཚེས27ཉིན་བར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས། མཚོ་སྔོན་ཞིང་ཆེན་གྱི་ཆེད་ཁེ་ཡར་སྐུལ་དང་སྲུང་སྐྱོབ་སྲོལ་ཡིག་བཟོ་བཅོས་པར་གཞི་ལ་ཁྲིམས་འཛུགས་རྟོག་ཞིབ་སྤེལ།

རྟོག་ཞིབ་ཚན་ཆུང་གིས་ཡུལ་དངོས་ནས་མཚོ་སྔོན་ཆི་ཏིས་ཆིན་ཡོན་རྒྱུ་ཆས་གསར་པའི་ཚད་ཡོད་ཀུང་ཟི་དང་མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟི། མཚོ་སྔོན་ཧྭ་ཧུའེ་ནུས་ཁུངས་གསར་པའི་ཀུང་ཟི། མཚོ་སྔོན་ཀྲུང་ཁུང་ཉི་འོད་ནུས་པའི་གློག་འདོན་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་ཀྱི་ཆེད་ཁེ་བཀོལ་སྤྱོད་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། མཚོ་ནུབ་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱི་ཚན་རིག་ཞིབ་འཇུག་མི་སྣ། ལག་རྩལ་མཁས་ཅན་བཅས་དང་བཞུགས་མོལ་བརྗེ་རེས་ཟབ་མོ་བྱས་ནས། གྲོས་གཞི་དང་བསམ་འཆར་ལ་ཉན།

རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཆེད་ཁེ་ཡར་སྐུལ་དང་སྲུང་སྐྱོབ་ཀྱི་ཁྲིམས་འཛུགས་རྟོག་ཞིབ་སྤེལ་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤེས་བྱའི་ཐོན་དབང་བྱ་བར་ཤུགས་སྣོན་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་བཟང་བོ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་མྱུར་དུ་སྐུལ་འདེད་གཏོང་བའི་བྱེ་བྲག་གི་དགོས་མཁོ་ཡིན་ལ། རང་ཞིང་གི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བཅའ་ཁྲིམས་ཐད་ཀྱི་སྟོང་ཆ་སྐོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཡང་ཡིན།

རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མིག་སྔར་གྱི་ཆེད་ཁེ་སྲུང་སྐྱོབ་དང་ཡར་སྐུལ་ཁྱབ་ཁོངས་ཁྲོད་གནས་པའི་འབུར་ཐོན་གནད་དོན་དང་ཞན་ཆར་ཁ་གཏད་དེ། གནད་ཕིགས་ཐབས་སྤྱོད་དང་འབེན་དམིགས་ཤུགས་འདོན་བྱས་ནས། གསར་གཏོད་འཕེལ་རྒྱས་ཐད་སྤུས་ཚད་མཐོ་བའི་ལམ་ལུགས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། ཁྲིམས་ལྟར་ཁྲིམས་འཛུགས་རྒྱུ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གོང་གནས་བཅའ་ཁྲིམས་དང་ཁྲིམས་འཛུགས་དབང་ཚད་ཀྱི་ཁྱབ་ཁོངས་ནང་ས་གནས་ཁྲིམས་འཛུགས་ཀྱི་བར་སྟོང་འཚོལ་ཞིབ་བྱེད་དགོས། ཞིང་ཆེན་གྱི་གནས་ཚུལ་དངོས་དང་དམ་སྦྱར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་པ་དང་ལག་ལེན་ལས་ནུས་པ་ལྡན་པ་ར་འཕྲོད་བྱུང་བའི་ཉམས་མྱོང་བྱེད་ཐབས་དེ་བཅའ་ཁྲིམས་ལམ་ལུགས་སུ་རིམ་སྤར་བྱས་ཏེ། རང་ཞིང་གི་ཆེད་ཁེ་ཡར་སྐུལ་དང་སྲུང་སྐྱོབ་བྱ་བའི་ཐད་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།