2024ལོའི་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྲིད་འཛིན་འདྲི་གཅོད་ཀྱི་རྒྱབ་ཤ་དཀར་པོའི་དཔེ་དེབ་འགྲེམ་སྤེལ་བྱས།
2025.07.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ7པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་མཉམ་འབྲེལ་སྒོས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མི། ཡོན་ཀྲང་གཞོན་པ་ཆིས་ཀའོ་ཆིན་གྱིས2024ལོའི་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྲིད་འཛིན་འདྲི་གཅོད་ཀྱི་རྒྱབ་ཤ་དཀར་པོའི་དཔེ་དེབ་འགྲེམ་སྤེལ་བྱས་པ་དང་། ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་ཏང་ཙུའུ་ཁོངས་མི། ཐིན་ཀྲང་གཞོན་པ་ལིས་མཱན་གྱིས2024ལོའི་མཚོ་སྔོན་ཞིང་ཆེན་གྱི་སྲིད་གཞུང་བསྐྱར་གྲོས་བྱ་བའི་རྒྱབ་ཤ་དཀར་པོའི་དཔེ་དེབ་ཀྱི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས།

ཆིས་ཀའོ་ཆིན་གྱིས་ངོ་སྤྲོད་བྱེད་རྒྱུར། 2024ལོར། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་གསུམ་པའི་ཁྲིམས་ཁང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམ་པོར་དམིགས་ནས། སྲིད་འཛིན་འདྲི་གཅོད་དེང་རབས་ཅན་གྱི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་ཁྲིམས་འཛིན་དམངས་ཀྱི་ཆེད་དང་ཁྲིམས་འཛིན་དྲང་བཞག་གི་ཐོག་མའི་སེམས་འདུན་དམ་འཛིན་བྱས་ཤིང་། སྤུས་འདེགས་ནུས་འཕར་གྱི་གཙོ་ཐིག་ལ་གཞིགས་ནས། སྲིད་འཛིན་འདྲི་གཅོད་ཀྱི་འགན་ནུས་འདོན་སྤེལ་ལེགས་པོ་བྱས་པ་དང་། སྤྱི་དམངས་དང་ཁྲིམས་མི། རྩ་འཛུགས་གཞན་པ་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ཏེ། སྲིད་འཛིན་བྱ་སྤྱོད་ཀྱི་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་ནན་མོ་བྱེད་པའི་སྔོན་འགྲོའི་འོག བྱ་སྤྱོད་རྒྱབ་ལོགས་ཀྱི་སྤྱི་སྤྱོད་སྲིད་ཇུས་ཀྱི་རིན་ཐང་འཕེལ་ཕྱོགས་དང་སྤྱི་དམངས་ཀྱི་དངོས་ཡོད་ཁེ་དབང་ཀྱི་དོ་སྙོམས་སྲུང་སྐྱོབ་ལ་དོ་སྣང་བྱས་ནས། ཁྲིམས་སྐྱོང་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་བྱས་རྗེས་ལེགས་པོ་བཞག་ཡོད། 2024ལོར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་རིགས་མི་འདྲ་བའི་སྲིད་འཛིན་གྱོད་གཞི་ཉིས་སྟོང་ང་བདུན་བདག་སྤྲོད་བྱས་ལ། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་བཅུ་དྲུག་དང་གྲངས་ཆུང་བརྒྱད་གཉིས་མར་ཆག་ཡོད། སྤྱིའི་ཆ་ནས་སྲིད་འཛིན་གྱོད་གཞིའི་སྤྱི་གྲངས་མར་ཆག་པའི་སྣང་ཚུལ་ཡོད་མོད། སྲིད་འཛིན་བསྐྱར་བཤེར་ཞིབ་བཤེར་དང་བསྐྱར་བཤེར་གྱོད་གཞི་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཐག་གཅོད་ཕྱིར་སློག་གཏུག་བཤེར་བྱེད་ཚད་མར་ཆག་ཡོད་ལ། གྱོད་གཞི་ཕྱིར་འཐེན་བྱེད་ཚད་རིམ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། སྲིད་འཛིན་གཏུག་བཤེར་རིགས་ཅུང་གཅིག་འདུས་ཡིན་ལ། འགལ་བ་མང་ཆེ་བ་དམངས་ཚིས་ཁྱབ་ཁོངས་སུ་བྱུང་བ་སོགས་ཀྱི་ཁྱད་ཆོས་ལྡན།

ལིས་མཱན་གྱིས་ངོ་སྤྲོད་བྱེད་རྒྱུར། 2024ལོར་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་བརྒྱུད་ལམ་གེགས་མེད་ཡོང་བར་བྱས་ཤིང་། མང་ཚོགས་ཀྱིས་སྲིད་འཛིན་བསྐྱར་གྲོས་བྱེད་ཐབས་བརྒྱུད་དེ་རེ་འདུན་འདོན་པ་དང་ཁེ་དབང་སྲུང་བར་ཁྲིད་སྟོན་བྱས་པ་དང་། སྲིད་འཛིན་བསྐྱར་གྲོས་ཀྱི་ཁྲིམས་བཅད་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་གྱོད་སྒྲུབ་སྤུས་ནུས་མཐོར་འདེགས་བཏང་བ་དང་། སྲིད་འཛིན་རྩོད་གཞི་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། སྲིད་འཛིན་ལས་ཁུངས་ཀྱིས་ཚད་ལྡན་དང་དྲང་གཞག་དཔལ་ཡོན་ལྡན་པའི་སྒོ་ནས་ཁྲིམས་བསྟར་བྱེད་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་དྲང་གཞག་དྲང་བདེན་དང་འཆམ་མཐུན་གཏན་འཇགས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཕྱོགས་ལ་བྱེད་ནུས་གལ་ཆེན་བཏོན་ཡོད། སྲིད་འཛིན་བསྐྱར་གྲོས་ཀྱི་དྲང་བདེན་ནུས་མཐོ་དང་དམངས་ལ་སྟབས་བདེ་བསྐྲུན་པའི་ལམ་ལུགས་ཀྱི་དགེ་མཚན་ལྡན་པ་དང་། མ་རྩ་དམའ་བ། ལས་ཆོད་ཆེ་བ། ཐབས་ལམ་མང་བ་བཅས་ཀྱི་སྒོ་ནས་སྲིད་འཛིན་རྩོད་གཞི་ཐག་གཅོད་པའི་ནུས་པ་མངོན་གསལ་ཡིན་ལ། སྲིད་འཛིན་བསྐྱར་གྲོས་ཀྱི་དབང་ཟིལ་རང་བཞིན་དང་སྤྱི་རྟོན་ནུས་ཤུགས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་།

ལྷ་མོ་འཚོས་བསྒྱུར།