2010ལོར་ཀྲུང་དབྱང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་འཐབ་ཇུས་ལག་བསྟར་བྱས་པ་ནས་བཟུང་། པེ་ཅིང་གྲོང་ཁྱེར་གྱིས་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས་ལོ་བཅོ་ལྔའི་རིང་རིམ་རྩིས་བྱས་ན་རོགས་སྐྲུན་མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་དྲུག་བྱེ་བ་དྲུག་ས་ཡ་གཉིས་བཏང་བ་དང་། རོགས་སྐྲུན་རྣམ་གྲངས་སྟོང་གཅིག་བརྒྱ་དང་རེ་བདུན་ལག་བསྟར་བྱས། ལས་བྱེད་མི་སྣ་དང་ཤེས་ལྡན་པ316མཐོ་སྒང་དུ་མངགས་ཏེ། དམངས་འཚོའི་སྤུས་ཚད་ཇེ་མཐོར་གཏོང་བ་དང་། ཐོན་ལས་བཅོས་སྒྱུར། རིག་སྟོབས་རོགས་སྐྱོར་སོགས་གསར་གཏོད་བྱེད་ཐབས་ལ་བརྟེན་ནས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བསྩལ་ཡོད།
མཐོ་རིམ་ཇུས་འགོད་ཐད། པེ་ཅིང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་དང་ཧྲི་ཀྲང་གིས་དངོས་སུ་འགོ་ཁྲིད་ནས། ལམ་ལུགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གྲོང་ཁྱེར་ནང་ཁུལ་དང་རོགས་སྐྱོར་དང་ལེན་བྱེད་མཁན་ཕྱོགས་གཉིས་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཚོགས་པའི་སྣེ་ཁྲིད་དེ་ཡུས་ཧྲུའུ་ལ་བརྟག་དཔྱད་ཐེངས་མང་བྱས་ཏེ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་དོན་ལ་གནད་འཁེལ་ཇུས་འགོད་བྱས་པ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་གཟབ་ནན་སྒོས་ལག་བསྟར་བྱ་ཆེད། བརྒྱ་ཆའི80%གཉིས་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། སྒོར་ཐེར་འབུམ་གཉིས་ལྷག་ཙམ་བཏང་ནས་དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་སོགས་ལ་རམ་འདེགས་བྱས། སྡོད་ཁང་དང་། འགྲོ་ལམ། འཐུང་ཆུ་སོགས་ལས་གཞི་ལག་བསྟར་བྱས་ཏེ་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བཏང་། “ཚོགས་སྒྲིག་རྣམ་པའི”སྨན་བཅོས་དང་སློབ་གསོའི་རོགས་སྐྱོར་བྱས་པ་བརྒྱུད་སྨན་བཅོས་སློབ་གསོའི་ཆུ་ཚད་ཇེ་མཐོར་བཏང་བ་དང་། ཡུས་ཧྲུའུ་ཁུལ་མི་དམངས་སྨན་ཁང་གིས་རིམ་གསུམ་ཕྱོགས་བསྡུས་སྨན་ཁང་གྲུབ་འབྲས་ཐོབ་པའི་ངང་བསྐྲུན་པ། མཐོ་རྒྱུགས་དངོས་གཞིར་རྒྱུག་འཕྲོད་མཁན་ལོ་གསུམ་ལ་བསྟུད་མར་མི་སྟོང་ལས་བརྒལ་ཡོད་པ་རེད། ཡུས་ཧྲུའུ་ཁུལ་གྱིས་ས་ཁུལ་གྱི་ཐོན་ཁུངས་ལ་གཞི་ཚུགས་ཏེ། རོང་འབྲོག་ལས་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཡུལ་སྐོར་ལས་ཁུངས་མང་པོ་དང་མཉམ་འབྲེལ་བྱས་ཏེ། “ཡུས་ཧྲུའུ་ཡི་འབྲི་གཡག”སྤུས་རྟགས་རྒྱ་བསྐྱེད་པ་ལས་མི་ཁྲི1.5ལྷག་ཙམ་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བཅས་བྱས་ཏེ་མི་ཁྲི3ལྷག་ཙམ་ལ་ཡོང་འབབ་འཕར་བ་དང་ཁྱད་ལྡན་ཐོན་རྫས་སྣ་ཁ100ལྷག་ཙམ་པེ་ཅིང་དུ་ཁྱབ་གདལ་བཏང་། “གཙང་གསུམ་མགོ་ཁུངས་སྲུང་བའི”རིག་གནས་སྤུས་རྟགས་བཏོད་པ་དང་། “གཙང་གསུམ་ཆུ་འགོའི་པེ་ཅིང་གི་བརྩེ་སེམས། ཀྲུང་གོའི་སེམས”སོགས་བྱ་འགུལ་མང་པོ་སྤེལ་ནས། ས་གནས་གཉིས་ཀྱི་མི་ཐེངས་ཁྲི1ལྷག་གིས་ཕན་ཚུན་འབྲེལ་འདྲིས་བྱེད་རྒྱུར་སྐུལ་འདེད་བཏང་སྟེ། ཡུས་ཧྲུའུ་ཁུལ་གྱིས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ”བསྐྲུན་རྒྱུར་རམ་འདེགས་བྱས་ཡོད། པེ་ཅིང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་གསར་གཏོད་ལམ་སྲོལ་བཙུགས་ནས“གནས་་གསུམ་གཞི་གཅིག”གི་རོགས་སྐྱོར་མ་ལག་བཙུགས་ཏེ་སྨན་བཅོས་དང་། སློབ་གསོ། ཐོན་ལས་སོགས་ཁྱབ་ཁོངས་སུ་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་ཆགས་ཡོད།
ཚེ་མགོན་རྒྱལ་གྱིས་བསྒྱུར།