མཚོ་སྔོན་གྱིས་ཞིང་ཆེན་རིམ་པའི་གཞི་རིམ་འཕྲོད་བསྟེན་བདེ་ཐང་གི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་འགོ་བརྩམས།
2025.07.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ7པའི་ཚེས3ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་འཕྲོད་བསྟེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུའི་སྒྲིག་ལུགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སྨན་བཅོས་འགན་སྲུང་ཐིན་སོགས་སྡེ་ཁག་མང་པོར་མཉམ་འབྲེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་འཕྲོད་བསྟེན་བདེ་ཐང་གི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པའི་ལག་བསྟར་ཇུས་གཞི་པར་འགྲེམ་བྱས་ཤིང་། དེའི་དམིགས་ཡུལ་ནི་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་དང་འཚམ་པའི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་བདེ་ཐང་གི་བྱ་བའི་རྣམ་པ་འཚོལ་ཞིབ་བྱེད་པ་དང་། གཞི་རིམ་འཕྲོད་བསྟེན་བདེ་ཐང་གི་སྲིད་ཇུས་བྱེད་ཐབས་སྣ་ཚོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་དཔེ་སྟོན་རྫོང་དང་གྲོང་ཁྱེར་བསྐྲུན་པ་དང་། དཔེ་མཚོན་མ་དཔེའི་ཉམས་མྱོང་གསོག་འཇོག་བྱས་ནས། རྫོང་ཁོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རེད།

ལག་བསྟར་ཇུས་གཞི་ལས་གཞི་རིམ་གཙོ་བོར་འཛིན་པའི་དུས་རབས་གསར་པའི་ཏང་གི་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་པ་དང་། གཞི་རིམ་འཕྲོད་བསྟེན་གྱི་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཞིང་། རྒྱ་ཆེའི་མང་ཚོགས་ཀྱི་བདེ་ཐང་གི་དགོས་མཁོ་མང་པོ་སྐོང་ཅི་ཐུབ་བྱས་ཡོད། ས་གནས་སོ་སོས་རེ་ཞུ་ཕུལ་བའི་རྨང་གཞིའི་སྟེང་། ཞིང་ཆེན་ཡོངས་སུ་རྫོང་དང་གྲོང་ཁྱེར་ཁག་ཅིག་བདམས་ནས་གཞི་རིམ་འཕྲོད་བསྟེན་བདེ་ཐང་གི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པ་དང་། དམ་ཟབ་རྣམ་པའི་རྫོང་ཁོངས་སྨན་བཅོས་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་ཆུ་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ། སྨན་བཅོས་འགོག་སྲུང་མཉམ་འདྲེས་དང་བརྒྱུད་རིམ་ཧྲིལ་བོའི་བདེ་ཐང་དོ་དམ་ལ་ཤུགས་སྣོན་པ། གཞི་རྩའི་སྤྱི་བའི་འཕྲོད་བསྟེན་དང་ཁྱིམ་ཚང་སྨན་པའི་མིང་འགོད་ཞབས་ཞུ་ལེགས་པོར་སྒྲུབ་པ། རྫོང་ཁོངས་ཀྱི་འཕྲོད་བསྟེན་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཞིང་སྡེའི་འཕྲོད་བསྟེན་གཞི་གཅིག་ཅན་གྱི་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་བོད་ལུགས་སྨན་བཅོས་ཞབས་ཞུའི་ནུས་པ་ཇེ་ཆེར་གཏོང་བ། ནུས་ཤུགས་ཡོད་རྒུས་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བདེ་ཐང་སློབ་གསོར་་སྐུལ་འདེད་གཏོང་བ་དང་བདེ་ཐང་གིས་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་བྱ་བའི་ལས་འགན་གཙོ་བོ་བརྒྱད་ལ་དམ་པོར་དམིགས་དགོས། དེ་དང་མཉམ་དུ། 2025ལོའི་ཟླ6པར་འཛུགས་སྐྲུན་གྱི་འགོ་རྩོམ་པ་དང་། 2026ལོའི་ཟླ7པར་དུས་རིམ་བར་མའི་དཔྱད་འཇོག་བྱེད་ཅིང་། 2027ལོའི་ལོ་མཇུག་ཏུ་ཚོད་ལྟའི་ཁུལ་འཛུགས་སྐྲུན་གྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་མ་ཟད་ཕྱོགས་ཡོངས་ནས་སྤྱི་སྡོམ་དང་ཁྱབ་གདལ་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱེད་རྒྱུ་ཡིན་པ་གཏན་འཁེལ་གསལ་བོ་བྱས།

ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་གཞི་རིམ་འཕྲོད་བསྟེན་བདེ་ཐང་གི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་ལ་དམ་པོར་དམིགས་ནས། སྨན་གསུམ་མཐུན་སྦྱོར་འཕེལ་རྒྱས་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་རེད། སྨན་བཅོས་བཅོས་སྒྱུར་གྱི་ཉམས་མྱོང་ལ་དཔེ་ལྟོས་བྱས་ཏེ། ལོ་ཧྲིལ་བོའི་ལས་འགན་གཙོ་བོ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། རིམ་དབྱེ་སྨན་བཅོས་དེ་བྱེད་ཐབས་སུ་བརྩིས་ནས། སྤྱི་ཡོངས་རྣམ་པའི་རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཧུར་ཐག་གིས་འཛུགས་པ་དང་། མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་མདུན་དུ་སྨན་པར་བསྟེན་ཐུབ་པར་བྱེད་ལ། རྒྱ་ཆེའི་མང་ཚོགས་ཀྱི་སྨན་པར་བསྟེན་པའི་ཐོབ་སྣང་དང་སྐྱིད་སྣང་བདེ་སྣང་བཅས་སྔར་ལས་ཆེ་རུ་གཏོང་དགོས།

ལྷ་མོ་འཚོས་བསྒྱུར།