ཟླ7པའི་ཚེས1ཉིན། གསར་འགོད་པས་ཞིང་ཆེན་མི་དོན་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཉེ་ཆར། ཞིང་ཆེན་མི་དོན་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་དང་མཉམ་དུ2025ལོའི་མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མའི་རོགས་གསུམ་སྐྱོར་གཅིག་གི་ལས་མི་བསྡུ་བའི་བརྡ་ཐོ་འགྲེམ་སྤེལ་བྱས་ནས། 2025ལོའི་རོགས་གསུམ་སྐྱོར་གཅིག་གི་ལས་མི་བསྡུ་བའི་བྱ་བ་དངོས་སུ་ལག་བསྟར་བྱེད་འགོ་བརྩམས་པ་དང་། ཞིང་ཆེན་ཡོངས་སུ་མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མ་སྟོང་གཅིག་དང་དགུ་བརྒྱ་ང་བཅུ་བསྡུ་འཆར་ཡོད་ལ། ན་ནིང་དང་བསྡུར་ན་མི་བཞི་བཅུ་ཇེ་མང་དུ་སོང་ཡོད་ཅིང་། ཟླ་བརྒྱད་པའི་ཟླ་མཇུག་ཏུ་ཚང་མ་ལས་གནས་སུ་ཞུགས་རྒྱུར་གཏན་འཁེལ་བྱས།
རྒྱུས་ལོན་པ་ལྟར་ན། རང་ཞིང་གི་རོགས་གསུམ་སྐྱོར་གཅིག་གི་འཆར་གཞིར་མཚོ་སྔོན་ཞིང་ཆེན་གྱི་ཐོབ་ཐང་ཡོད་པ་དང་། 2024ལོའི་ཟླ5པའི་རྗེས་སུ་མཐར་ཕྱིན་པའི་སྤྱིར་བཏང་གི་མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་ཡིག་ཚད་ལོངས་པའི་ཆེད་ཚན་དང་མཐར་ཕྱིན་སློབ་མར་ཁ་ཕྱོགས་ནས། གཙོ་བོ་རྫོང་རིམ་པ་མན་གྱི་ཡུལ་ཚོ་དང་གྲོང་རྡལ་གྱི་ཞིང་འབྲོག་དང་སྨན་བཅོས་འཕྲོད་བསྟེན། སློབ་གྲྭ་ཆུང་འབྲིང་སོགས་སྲིད་འཛིན་ལས་དོན་སྡེ་ཁག་གི་ལས་གནས་སུ་ལས་མི་བསྡུས་ཏེ། གཞི་རིམ་ཞབས་ཞུའི་བྱ་བ་བསྒྲུབ་རྒྱུ་རེད། ལས་མི་བསྡུ་བའི་བྱ་བ་གཙོ་བོ་སྒྲིག་ལུགས་འཆར་འགོད་དང་། སྤྱི་བསྒྲགས་འགྲེམ་སྤེལ། མིང་ཐོ་འགོད་པ། ཐོབ་ཐང་ཞིབ་བཤེར། ཡིག་རྒྱུགས་དང་ངོ་རྒྱུགས། ལུས་བཤེར་ཐོ་འགོད། ལས་གནས་ཟབ་སྦྱོང་། ལས་གནས་སུ་ཞུགས་པ་བཅས་ཀྱི་གོ་རིམ་ལྟར་ལག་བསྟར་བྱེད་རྒྱུ་རེད། རོགས་གསུམ་སྐྱོར་གཅིག་གི་ལས་མིའི་ཞབས་ཞུའི་དུས་ཡུན་ལོ་གཉིས་ཡིན་ལ། ཞབས་ཞུའི་སྐབས་སུ་རོགས་གསུམ་སྐྱོར་གཅིག་གི་འཚོ་བའི་ཁ་གསབ་དང་། སྤྱི་ཚོགས་འགན་བཅོལ་ཁ་གསབ། འགྲིམ་འགྲུལ་ཁ་གསབ། ལུས་བཤེར་གྲོན་དངུལ་བཅས་ལོངས་སུ་སྤྱོད་ཐུབ་པ་དང་། ཞབས་ཞུའི་དུས་ཡུན་ལོ་ཕྱེད་ལོངས་རྗེས་སྒོར་སྟོང་གསུམ་གྱི་བདེ་སྡོད་གྲོན་དངུལ་ལོངས་སུ་སྤྱོད་ཐུབ། ཞབས་ཞུའི་དུས་ཡུན་ལོངས་ནས་རྒྱུགས་བཤེར་ཚད་ལྡན་ཡིན་ཚེ། མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མའི་རོགས་གསུམ་སྐྱོར་གཅིག་གི་ཞབས་ཞུའི་དཔང་ཡིག་སྤྲོད་པ་དང་། ལས་ཁུངས་ལས་དོན་སྡེ་ཁག་གི་ཁ་གཏད་རྒྱུགས་ལེན་ལས་གནས་སུ་ཞུགས་ཐུབ་པར་མ་ཟད། སྤྱི་ཚོགས་འགན་བཅོལ་སྤྲད་པའི་ལོ་ཚད་ལྟར་བྱ་བའི་ལོ་ཚད་བརྩི་རྒྱུ་རེད། ཞབས་ཞུའི་དུས་ཡུན་ལོངས་ནས་ལོ་གསུམ་གྱི་ནང་འབུམ་རམས་ཞིབ་འཇུག་སློབ་མར་རྒྱུགས་སྤྲད་ཚེ། ཡིག་རྒྱུགས་ལ་སྐར་མ་བཅུ་སྣོན་པ་དང་། ཆ་རྐྱེན་གཅིག་འདྲའི་འོག་ཏུ་སྔོན་ལ་བསྡུ་ལེན་བྱས་ཆོག སྤྱིར་བཏང་ཆེད་ཚན་མཐར་ཕྱིན་སློབ་མས་རྒྱུགས་མ་བླངས་པར་དར་མའི་མཐོ་རིམ་སློབ་ཆེན་གྱི་ཆེད་ཚན་དངོས་གཞིར་འཕར་བའི་རེ་ཞུ་རྒྱག་ཐུབ། དེ་དང་མཉམ་དུ། སློབ་གྲྭ་ནས་གྱེས་རྗེས་ལས་ཞུགས་བྱས་མེད་པའི་མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་ཞབས་ཞུ་བྱ་ཡུལ་དུ་བཞག་པ་དང་། ལས་ཞུགས་མཛུབ་སྟོན་དང་ལས་གནས་འོས་སྦྱོར་སོགས་མི་གཅིག་ལ་སྲིད་ཇུས་གཅིག་གི་ལས་ཞུགས་ལས་གཏོད་ཞབས་ཞུ་ལོངས་སུ་སྤྱོད་ཐུབ།
ལྷ་མོ་འཚོས་བསྒྱུར།