རང་ཞིང་གི་ཞིང་ལས་ལོ་ཏོག་སྤུས་ལེགས་ཀྱི་ཁེབས་ཚད98.2%ལ་སླེབས།
2025.07.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་སྟོད་དུ་རང་ཞིང་གིས་ས་བོན་ལས་རིགས་དར་རྒྱས་གཏོང་བའི་འགུལ་སྐྱོད་སྤེལ་རྒྱུ་སྤྱིའི་ཁྲིད་སྟོན་དུ་བཟུང་ནས། ཐོན་ཁུངས་སྲུང་སྐྱོབ་དང་ས་སོན་གྱི་རིགས་གསོ་སྐྱོང་གསར་གཏོད། ཁེ་ལས་གསོ་སྐྱོང་། རྟེན་གཞི་རིམ་སྤོར། ཁྲོམ་ར་གཙང་སྒྱུར་སོགས་ཁྱབ་ཁོངས་གཙོ་བོར་དམ་པོར་དམིགས་ཏེ། ཐབས་ཇུས་གནད་ལ་འཁེལ་བ་བཏོན་ནས། འབྲུ་རིགས་བདེ་འཇགས་ལ་འགན་ལེན་དང་། ལྗང་མདོག་དང་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པར་ས་བོན་ཐོན་ཁུངས་ཀྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས། ས་བོན་གྱི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལས་དོན་ལ་མུ་མཐུད་དུ་ཤུགས་བསྣན་ནས། ཁྱོན་བསྡོམས་ས་བོན་གྱི་མ་དཔེ117འཐེན་བཤེར་བྱས་པ་དང་། སྤྱིའི་གྲངས་འབོར་སྤྱི་རྒྱ་ས་ཡ་བཞི་དང་འབུམ་གསུམ་ལ་སླེབས་ཡོད་ཅིང་། ཚད་ལོན་ཚད98%ཡན་བརྟན་པོའི་ངང་རྒྱུན་འཁྱོངས་བྱས་ཡོད། སོན་བཟང་ཁྱབ་གདལ་གྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་ནས། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ལོ་ཏོག་གི་སོན་བཟང་གི་ཁེབས་ཚད98.2%ལ་སླེབས་པའི་ཁྲོད། རྒྱུད་འདྲེས་ལོག་གར་དང་རྒྱུད་འདྲེས་མ་རྨོས་ལོ་ཏོག་གི་སོན་བཟང་གིས་ཞིང་ཆེན་ཡོངས་སུ་ཁེབས་ཡོད།

ཞིང་ཆེན་ཡོངས་ཀྱི་ས་བོན་ཐོན་ཁུངས་ཀྱི་སྲུང་སྐྱོབ་མ་ལག་ཉིན་བཞིན་འཐུས་ཚང་དུ་ཕྱིན་ཡོད། རྒྱལ་ཁབ་རིམ་པའི་ཞིང་ལས་ལོ་ཏོག་གི་ས་བོན་ཐོན་ཁུངས་གྲབས་གསོག་མཛོད་དུ་ཉར་བའི་ཐོན་ཁུངས་ཁྲི་གཅིག་ལས་བརྒལ་ཡོད་ལ། སྤྱིའི་གྲངས་འབོར་འབུམ་བཞི་དང་ཁྲི་བརྒྱད་ལས་བརྒལ་བ་དང་། ཞིང་ཆེན་རིམ་པའི་ཉར་མཛོད་དངོས་སུ་འཁོར་སྐྱོད་བྱས་པའི་དུས་མཚུངས་སུ། ཞིང་ཆེན་ཡོངས་ཀྱི་ཐོན་ཁུངས་མ་ལག་རང་བཞིན་གྱི་བསྡུ་རུབ་ལས་དོན་དངོས་སུ་སྤེལ་འགོ་བརྩམས། གཅིག་སྒྲིལ་གྱི་ནོར་གནག་དང་མདོ་ལའི་ལུག་གཉིས་རྒྱལ་ཁབ་རིམ་པའི་ཕྱུགས་རིགས་དང་ཁྱིམ་བྱའི་རིགས་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་མིང་ཐོའི་ཁྲོད་བཅུག རེབ་གོང་གི་བལ་ལུག་སོགས་ཐོན་ཁུངས་གསར་པའི་སྔོག་འདོན་གསལ་འབྱེད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་བཏང་ཡོད། དུས་མཚུངས་སུ། རྒྱལ་ཁབ་རིམ་པའི་ས་བོན་སྲུང་སྐྱོབ་ར་བ4དང་ཞིང་ཆེན་རིམ་པའི་ས་བོན་སྲུང་སྐྱོབ་ར་བ9ལ་རྒྱབ་སྐྱོར་བྱས་ནས། ཞིང་ལས་ས་བོན་ཐོན་ཁུངས་སྲུང་སྐྱོབ་ཀྱི་དྲ་རྒྱ་སྔར་ལས་འཐུས་ཚང་དུ་བཏང་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།