ཟླ7པའི་ཚེས6ཉིན། རིག་གནས་དང་ཡུལ་སྐོར་པུའུ་ཐོན་ཁུངས་གསར་སྤེལ་སི་དང་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་མཉམ་སྒྲུབ་བྱས་པའི2025ལོའི་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱ་འགུལ་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དུ་འགོ་བརྩམས།
ཐེངས་འདིའི་བྱ་འགུལ“ཀྲུང་གོར་མྱོང་རོལ་བྱེད་པའི་དབྱར་ཁའི་ཡུལ་སྐོར”བརྗོད་དོན་གཙོ་བོ་བྱས་ཏེ། ཧི་པེ་དང་ཧྲན་ཞི། ཧྥུའུ་ཅན། ཅི་ལིན། ཧྲན་ཏུང་། ཧི་ནན། ཧུའུ་པེ། ཀོང་ཏུང་། སི་ཁྲོན། ཧྲའན་ཞི། མཚོ་སྔོན་བཅས་ཀྱི་རིག་གནས་དང་ཡུལ་སྐོར་སྡེ་ཁག་དང་དེ་མིན་ཀྲུང་གོ་ཡུལ་སྐོར་སྡེ་ཚོགས་སོགས་ཁེ་ལས་ཀྱིས་ཡུལ་སྐོར་ཐོན་རྫས་དང་། དབྱར་དུས་ཀྱི་ཁྱད་ཆོས་ལྡན་པའི་བྱ་འགུལ། གཟིགས་སྐྱོང་སྲིད་ཇུས་སོགས་ལ་དམིགས་ནས་རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་དང་འོས་སྦྱོར་ལ་ཞིབ་འཇུག་དང་སློབ་སྦྱོང་བྱས། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྐོར་ཡུལ་སྐོར་ཐོན་ཁུངས་གཙོ་གནད་དུ་བཟུང་ནས་འོས་སྦྱོར་བྱས་པ་དང་། ཕྱོགས་ཡོངས་དང་ཕྱོགས་མང་པོའི་ཐད་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གྱི་གསར་འཛུགས་ལ་ཕན་འབྲས་མངོན།
དེ་དང་ཆབས་ཅིག ཡུལ་སྐོར་བ་མཚོ་སྔོན་དུ་འགུག་པའི་ཡུལ་སྐོར་ཚོང་བར་སྦྲེལ་མཐུད་བྱ་འགུལ་སྤེལ་བ་དང་། ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང15རྩ་འཛུགས་བྱས་ནས། ཞིང་ཆེན་ཕྱི་རོལ་གྱི་ཡུལ་སྐོར་ལས་དོན་ཁང་དང་ལས་སྒོ་གྲོས་མོལ་དང་མཉམ་ལས་གླེང་མོལ་བྱས་པ་དང་། ལམ་ཐིག་མཉམ་འབྲེལ་ལ་སྐུལ་འདེད་དང་འགྲུལ་བ་ཕན་ཚུན་སྐྱེལ་འདྲེན་སོགས་མཉམ་ལས་བྱེད་སྟངས་སྤེལ་ནས། ཞིང་ཆེན་ཕྱི་ནང་གི་རིག་གནས་ཡུལ་སྐོར་ཁེ་ལས་མཐུན་སྦྱོར་འཕེལ་རྒྱས་གཏིང་ཟབ་ཏུ་བཏང་བ་དང་། “ཡུལ་སྐོར་བ་མཚོ་སྔོན་དུ་འགུག་པའི”འབྲེལ་ལམ་རྒྱ་སྐྱེད་ནུས་ལྡན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་ཆེ་རུ་བཏང་། བྱ་འགུལ་ཁྲོད་ད་དུང“ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་ལས། གསོ་སྤེལ”མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་རྒྱུར་དམིགས་ནས། ཞིང་ཆེན་ནང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལག་ཤེས་ཐོན་རྫས་དང་། ཁྱད་ཆོས་ལྡན་པའི་རིག་གནས་གསར་གཏོད་ཐོན་རྫས། ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཁེ་ལས་བཅས་རྩ་འཛུགས་བྱས་ནས་ཐོན་རྫས་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་བ་དང་། གནས་གཏན་འཁེལ་གྱིས་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་འཛིན་ཤོག་ལ་བརྟེན་ནས་ཐོན་རྫས་ཕྱིར་འཚོང་ལ་སྐུལ་ཁྲིད་བྱས་ཏེ་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་སློང་བྱས།
བྱ་འགུལ་ཁྲོད། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་གྱི་ཞིབ་འཇུག་སློབ་སྦྱོང་ཡུལ་སྐོར་གྱི་སྣེ་ཁྲིད་རི་མོ་གཙོ་གནད་དུ་ཁྱབ་བསྒྲགས་བྱས་པ་དང་། ཞིབ་འཇུག་སློབ་སྦྱོང་གི་བརྗོད་གཞི་དང་འགྲུལ་བཞུད་དུས་ཚོད། བེད་སྤྱོད་བྱ་ཡུལ། སློབ་ཁྲིད་དམིགས་ཚད། སློབ་ཚན་གྱི་གཙོ་གནད། འགྲུལ་བཞུད་བཀོད་སྒྲིག སློབ་ཚན་བཀོད་སྒྲིག་སོགས་ཕྱོགས་བདུན་ལ་དམིགས་ནས། རྒྱལ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རར“མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་གི་ངོ་མཚར་མཐོང་ཐོས་དང་ན་གཞོན་གྱི་ཕུགས་འདུན་མངོན་འགྱུར་འཆར་གཞི། ཀྲུང་གོའི་རྡུལ་ཕྲན་གྲོང་དུ་བསྐྱོད་པ། ཡུལ་དུས་བརྒལ་བའི་གྲོས་མོལ་ཏེ་དམར་པོའི་ཞབས་རྗེས་དང་ལང་ཚོའི་སྦྲེལ་མཐུད། མ་འོངས་པའི་ཚན་རིག་པ་སྐྱེད་སྲིང་བྱེད་པ། སེ་འབྲུའི་གཏེར་མཛོད་འཆར་གཞི་སྟེ་རྨ་ཙོང་ན་གཞོན་དམངས་སྲོལ་འགག་སྒྲོལ་ཡུལ་སྐོར། རྨ་ཙོང་རིག་གནས་ཀྱི་གསང་བ་འཚོལ་ཞིབ་བྱེད་པ”སོགས་ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར་ལམ་ཐིག་རྩེ་གྲས་དྲུག་བསྐྲུན། ལམ་ཐིག་དེ་དག་ནི་རང་བྱུང་སྐྱེ་ཁམས་དང་། ཚན་རྩལ་འཚོལ་ཞིབ། དམར་པོའི་སློབ་གསོ། ལོ་རྒྱུས་རིག་གནས། དམངས་སྲོལ་རྒྱུན་འཛིན་བཅས་ཁག་ཆེན་པོ་ལྔ་ལ་ཁྱབ་ཡོད། མཐོ་སྒང་གི་སྐྱེ་ཁམས་ཀྱི་ངོ་མཚར་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས། རྨ་ཙོང་རིག་གནས་ཀྱི་ནང་དོན། མི་རིགས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་བཅས་བྱིངས་སིམ་རྣམ་པའི་ཞིབ་འཇུག་སློབ་སྦྱོང་རྣམ་པར་བསྒྱུར་ཏེ། སློབ་གསོའི་རང་བཞིན་དང་ཉམས་ལེན་གྱི་ཚོར་བ་གཉིས་ཀར་མཐོང་ཆེན་བྱེད་པའི་ལངས་གཟུགས་ཅན་གྱི་ཐོན་རྫས་བསྐྲུན་ནས། ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར་ཁྲོམ་རའི་ཁྲོད་ཀྱི་སློབ་གྲྭ་དང་། ལས་ཁུངས། ན་གཞོན་ལོ་ཆུང་གི་ཚོགས་པ་བཅས་ཀྱི་དགོས་མཁོ་སྣ་མང་གནད་ལ་འཁེལ་བའི་སྒོ་ནས་སྐོང་ཐུབ་པ་དང་། མཚོ་སྔོན་གྱི་ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར་ཐོན་ཁུངས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཕྱོགས་ཡོངས་ནས་མངོན་པར་བྱས།
ཤ་བོ་རིན་མཚོས་བསྒྱུར།