ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་དག་ཕྱོགས་ཡོངས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་བྱས།  
2025.07.10 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ7པའི་ཚེས8ཉིན།  གསར་འགོད་པས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཚད་ལྡན་ཅན་འཛུགས་སྐྲུན་བརྗོད་གཞི་བྱས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན།  ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་དུས་རབས་གསར་བའི“ཧྥིན་ཆོའི་ཉམས་མྱོང”རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་།  ཕྱོགས་སོ་སོ་དང་མཉམ་ལས་སྒོས་རྒྱུན་མཐུད་ངང་སྣ་མང་འདུམ་འགྲིག་རྐྱེན་སྲོལ་འཛུགས་སྐྲུན་བྱས་ལ།  རིམ་པ་གཅིག་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ལ་བརྟེན་ནས་སྔོན་འགྲོའི་འདུམ་འགྲིག་དང་མྱུར་མོར་ཁྲིམས་གཅོད་བྱེད་པའི་ཁྲིམས་རའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ནན་ཏན་སྒོས《མི་དམངས་ཁྲིམས་ཁང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པའི་མཛུབ་སྟོན་བསམ་འཆར》དོན་འཁྱོལ་བྱེད་པ་དང་།  “ཞུགས་འོས་པ་ངེས་པར་དུ་འཇུག་དགོས་པ་དང་།  འཇུག་ཐུབ་ན་ཡོངས་སུ་འཇུག་དགོས་པའི”བླངས་བྱ་ལྟར།  ཟླ་དྲུག་པའི་ཟླ་མཇུག་བར་དུ།  ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང45རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་བྱས་པ་དང་།  ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་དང་འཛུགས་གྲུབ་བྱས་ཟིན་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་བཅའ་སྡོད་དམིགས་འབེན་བརྒྱ་ཆའི་བརྒྱ་ཡིས་ཁ་གཏད་ཡིན་པ་མངོན་འགྱུར་བྱས་ལ།  ཞིང་ཆེན་ཡོངས་ནས་ཁྱོན་སྡོམ་ཁྲིམས་དཔོན་དང་ཁྲིམས་དཔོན་གྱི་ལག་རོགས་པ།  ཡིག་མཁན་སོགས་མི164མངགས་ཏེ་བཅའ་སྡོད་བྱས་ནས་བྱ་བ་སྤེལ།

“ཁྲིམས་མཐུན་རང་མོས་དང་འདུམ་ཐུབ་པར་འདུམ་འགྲིག་བྱེད་པ།  ཁྲིམས་ཐག་གཅོད་འོས་པར་ཁྲིམས་ཐག་གཅོད་པའི”རྩ་དོན་རྒྱུན་འཁྱོངས་བྱས་ནས།  ཧུར་ཐག་གིས་སྔོན་འགྲོའི་འདུམ་འགྲིག་དང་།  འདུམ་འགྲིག་ལ་གྲུབ་འབྲས་མ་བྱུང་བའི་གྱོད་དོན་དུས་ཐོག་ཏུ་ཞིབ་གཅོད་གོ་རིམ་ནང་འཇོག་པ་དང་།  དུས་མཚུངས་སུ་རྗེས་འདེད་དོ་དམ་ལ་ཤུགས་བསྣན་ནས་ཕན་འབྲས་ལེགས་པོ་ཐོབ་པར་ཁག་ཐེག་བྱས།  མི་དམངས་ཁྲིམས་ཁང་གི་འདུམ་འགྲིག་སྤྱི་སྟེགས་ཀྱི“བསྐྱོད་པ་གསུམ”གྱི་བྱ་བར་སྐུལ་འདེད་བྱས་ཏེ།  རྒྱུན་མཐུད་ངང་ཆེད་དུ་གདན་འདྲེན་བྱས་པའི་འདུམ་འགྲིག་རུ་ཁག་རྒྱ་བསྐྱེད་བྱས་པ་དང་།  མིག་སྔར།  ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་དག་སྤྱི་སྟེགས་སུ་ཞུགས་པའི་འདུམ་འགྲིག་རྩ་འཛུགས་ལྔ་བརྒྱ་རེ་དྲུག་དང་།  འདུམ་འགྲིག་མི་སྣ་དགུ་བརྒྱ་དགུ་བཅུ་ལྷག་ཡོད་ལ།  སྔོན་འགྲོའི་འདུམ་འགྲིག་གྱོད་དོན་བཞི་སྟོང་དགུ་བརྒྱ་དོན་ལྔ་ལས་གྱོད་དོན་སུམ་སྟོང་བརྒྱད་བརྒྱ་ལྷག་འདུམ་འགྲིག་བྱས་ཡོད།

སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ཁྲིམས་ཁང་གི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་འགན་ནུས་ངེས་གནས་གསལ་བོར་བྱས་ཏེ།  འདུམ་འགྲིག་མཛུབ་སྟོན་དང་ཉེན་ཁའི་འགོག་སྲུང་སྲོག་ཤིང་དུ་བྱས་ནས་ཐོ་འགོད་བདག་སྤྲོད་དང་།  སྔོན་འགྲོའི་འདུམ་འགྲིག  དབྱེ་བཀར་སྐོར་བསྐྱོད།  གྱོད་དོན་ཐག་གཅོད་བཅས་བྱ་བ་ཁག་བཞི་གཙོ་གནད་དུ་བཟུང་ནས་སྐུལ་འདེད་བྱས།  ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱིས་དང་ལེན་བྱས་པའི་ཞུ་གཏུག་རེ་ཞུ་ལ་དམིགས་ཏེ།  “གྱོད་དོན་ཐོ་འགོད་བྱེད་པ་དང་ཞུ་གཏུག་དང་ལེན་བྱེད་པ”དོན་འཁྱོལ་བྱས་པ་དང་།  དམངས་ཕན་ཞབས་ཞུ་འདོན་སྤྲོད་བྱས།  དེ་དང་ཆབས་ཅིག་འདུམ་འགྲིག་མཛུབ་སྟོན་གྱི་འགན་ནུས་ལ་ཤུགས་བསྣན་ཏེ།  བཅའ་སྡོད་སྡེ་ཁག་དག་མཉམ་འབྲེལ་སྒོས་རྩོད་གཞི་འདུམ་འགྲིག་ནུས་པ་མཐོར་འདེགས་བཏང་བ་དང་།  ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་གྱོད་དོན་ཆུང་ངུའི་རིགས་མགྱོགས་མྱུར་ངང་འདྲི་གཅོད་བྱེད་པ་དང་།  ཆ་རྐྱེན་དང་འཚམ་པའི་གྱོད་དོན་ཁྲིམས་རའི་ཡུལ་དངོས་ནས་ཞིབ་གཅོད་བྱེད་པར་སྐུལ་འདེད་བཏང་།  དེ་ལས་གཞན་ད་དུང་གྱོད་དཔེ་དྲིལ་བསྒྲགས་དང་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས།  ཞུ་གཏུག་མ་བྱས་པར་རྩོད་གཞི་འདུམ་འགྲིག་ལེགས་འགྲུབ་བྱུང་ཚད་མཐོ་རུ་བཏང་བ་དང་།  མི་མང་གིས་འགོག་སྲུང་དང་མི་མང་གིས་བཅོས་སྐྱོང་བྱེད་པའི་དྲ་རྒྱ་བཙུགས་ཏེ།  ཐུན་མོང་གིས་འཛུགས་སྐྲུན་དང་ཐུན་མོང་གིས་བཅོས་སྐྱོང་།  ཐུན་མོང་གིས་ལོངས་སྤྱོད་བྱེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་བསྐྲུན་པར་གཞོགས་འདེགས་བྱས།

ཁོན་ཐར་དབང་རྒྱལ་གྱིས་བསྒྱུར།